ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ(རྒྱ་ཆེ)གཙོ་སྐྱོང་གནང་བ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་ཉེན་སེལ་རོགས་སྐྱོབ་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས།
མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་ཅི་ཐུབ་བྱས་ཏེ་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས།
ཟླ་8ཚེས་28ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ(རྒྱ་ཆེ)གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་དུ་ཆུ་རུད་ཀྱི་གནོད་འཚེ་ཐོན་པར་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཟླ་8ཚེས་28ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་ཆུ་རུད་ཀྱི་གནོད་འཚེའི་ཉེན་སེལ་རོགས་སྐྱོབ་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། རང་ལྗོངས་ཀྱི་ཉེན་སེལ་རོགས་སྐྱོབ་ལས་དོན་ཁག་ལ་སྔར་བས་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།
ཚོགས་འདུ་འགོ་ཚུགས་སྐབས་ཚང་མ་ཡར་བཞེངས་ནས་གནོད་འཚེའི་ཁྲོད་རྐྱེན་ལམ་དུ་ཤོར་མཁན་ལ་ངག་བསྡམས་ནས་མྱ་ངན་ཞུས་པ་རེད།
ཟླ་8ཚེས་26ཉིན་གྱི་ཆུ་ཚོད་10དང་སྐར་མ་30ཙམ་ལ། ནེ་པ་ལའི་ཕྱོགས་སུ་ཆུ་རུད་ཀྱི་གནོད་འཚེ་ཐོན་པའི་རྐྱེན་གྱིས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་འགག་སྒོར་མི་སྣ་ཤི་རྨས་དང་འབྲེལ་བ་ཆད་པའི་གནས་ཚུལ་ཚབས་ཆེན་ཐོན་ཡོད་པ་རེད། གནོད་འཚེ་ཐོན་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ཞིང་། ཟླ་8ཚེས་28ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་ཉེན་སེལ་རོགས་སྐྱོབ་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་སྟེ། ཉེན་སེལ་རོགས་སྐྱོབ་དང་འཕྲལ་སྡོམ་ཐག་གཅོད་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པའི་ཐད་བླང་བྱ་ཁ་གསལ་བཏོན་གནང་བ་དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་དམངས་ལ་ཐུགས་ཁུར་དང་ཐུགས་ཁྲལ་གནང་ལུགས་གང་ལེགས་མཚོན་གྱི་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ལྟར་ཙུང་ལི་ལི་ཆང་གེགས་ཁུལ་དུ་ཕེབས་ནས་གནོད་འཚེ་ཕོག་པའི་མང་ཚོགས་དང་ཉེན་སེལ་རོགས་སྐྱོབ་མི་སྣར་གཟིགས་ནས་འཚམས་འདྲི་གནང་བ་དང་། ས་ཡུལ་དངོས་སུ་ཉེན་སེལ་རོགས་སྐྱོབ་དང་འཕྲལ་སྡོམ་ཐག་གཅོད་ལས་དོན་ལ་མཛུབ་ཁྲིད་གནང་བ་དང་། ཙུང་ལི་གཞོན་པ་ཀྲང་གོ་ཆིང་ས་ཡུལ་དངོས་སུ་མཛུབ་ཁྲིད་དང་བཀོད་སྒྲིག་གནང་བར་ཕེབས་ཡོད་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལས་ཉེན་སེལ་རོགས་སྐྱོབ་བྱེད་པའི་ང་ཚོའི་གདེང་ཚོད་དང་ཆོད་སེམས་ཆེ་རུ་ཤུགས་ཆེན་ཕྱིན་ནས་ང་ཚོས་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ཚད་མཐོའི་མཐོང་ཆེན་དང་། བཀོད་སྒྲིག་མྱུར་པོ། འཕྲལ་དུ་བྱ་སྤྱོད་སྤེལ་བ་བཅས་བྱས་པ་དང་། ཝང་ཅུན་ཀྲེང་འཕྲལ་མར་གེགས་ཁུལ་དུ་ཕེབས་ནས་ཉེན་སེལ་རོགས་སྐྱོབ་ལས་དོན་ལ་མཛུབ་ཁྲིད་གནང་བ། རང་སྐྱོང་ལྗོངས་ཉེན་སེལ་རོགས་སྐྱོབ་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་ཆུ་རུད་གནོད་འཚེའི་མདུན་ཕྱོགས་བཀོད་འདོམས་པུའུ་བཙུགས་པ་བཅས་བྱས་ནས་ཏང་སྲིད་དམག་ཉེན་དམངས་ཀྱིས་ཕྱར་བ་གྲུ་འདེགས་ཀྱིས་འགག་སྒྲོལ་དཀའ་སེལ་གྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཏེ་ཉེན་སེལ་རོགས་སྐྱོབ་ལས་དོན་ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པའི་ངང་ནུས་ལྡན་སྤེལ་བར་སྐུལ་འདེད་བཏང་ཡོད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་བྱེད་པ། འགན་འཁྲིའི་སེམས་པ་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་བ། བསམ་བློ་གཅིག་གྱུར་དང་། འགན་འཁྲི་ནན་གཏོང་། ལས་བགོས་རོགས་ལས་བཅས་བྱེད་པ། ཉེན་སེལ་རོགས་སྐྱོབ་ཀྱི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ། མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་དང་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་བྱེད་པ་བཅས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གྱིས་ལས་དོན་གྱི་ཁྱོན་ཡོངས་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཉེན་སེལ་རོགས་སྐྱོབ་ཀྱི་ལས་དོན་བློ་བརྟན་འགྱུར་མེད་ངང་མཐའ་གཅིག་ཏུ་ཡག་པོ་སྒྲུབ་དགོས། ཐབས་བརྒྱ་ཇུས་སྟོང་ངང་འབྲེལ་བ་ཆད་པའི་མི་སྣ་འཚོལ་སྐྱོབ་བྱེད་པ་དང་། རིགས་ཁག་གི་རོགས་སྐྱོབ་སྟོབས་ཤུགས་སྒྲིག་འཛུགས་ཞིབ་ཚགས་བྱེད་པ། ཚན་རིག་དང་མཐུན་པའི་ངང་སྐྱོབ་བཅོས་ལ་སྣང་ཆེན་བྱེད་པ། འཚོལ་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཁུག་ཆ་མ་ལུས་པ་དང་། གནས་གཅིག་ཀྱང་མ་ལུས་པ། མི་གཅིག་ཀྱང་མ་ལུས་པའི་འགན་ལེན་བྱས་ནས་རེ་བ་ཕྲན་བུ་ཙམ་ལས་མེད་ཀྱང་ནུས་ཤུགས་ཡོད་ཚད་འདོན་དགོས། གནས་སྤོས་མང་ཚོགས་ཀྱི་སྨན་བཅོས་འགན་སྲུང་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་དང་། བརྒྱུད་རིམ་ཧྲིལ་པོའི་རྗེས་སྙེགས་ནད་སྐྱོང་བྱས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་ལ་འགན་ལེན་བྱེད་དགོས། གནས་སྤོ་བཀོད་སྒྲིག་བྱས་པའི་མང་ཚོགས་ཀྱི་འགན་སྲུང་ལས་དོན་ཡག་པོ་བསྒྲུབས་ཏེ། གནས་སྤོ་བྱེད་དགོས་རིགས་ཚང་མ་གནས་སྤོ་དང་གནས་སྤོ་བྱེད་དགོས་རིགས་ཚང་མ་མགྱོགས་མྱུར་གནས་སྤོ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་སྔ་ཙམ་གནས་སྤོ་དང་། སྔ་ཙམ་ཉེན་གཡོལ། སྔ་ཙམ་བཀོད་སྒྲིག་བཅས་བྱེད་དགོས། བཀོད་སྒྲིག་བྱ་ཡུལ་གྱི་དངོས་ཟོག་འགན་སྲུང་དང་། ཟས་སྡོད་འགན་སྲུང་། སྨན་བཅོས་འགན་སྲུང་། འཕྲོད་བསྟེན་རིམས་འགོག བདེ་འཇགས་དོ་དམ་སོགས་ཀྱི་ལས་དོན་ལ་སྤྱི་འདོམས་བྱས་ནས་འཚོ་བའི་འཕྲལ་སྡོམ་དངོས་ཟོག་གྲ་སྒྲིག་འདང་ངེས་བྱས་ཏེ། གནས་སྤོས་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་དང་སྨན་བཅོས་ཞབས་ཞུར་འགན་ལེན་ཡག་པོ་བྱེད་དགོས། རྗེས་འཇུག་གི་ལས་དོན་ཡག་པོ་བསྒྲུབས་ཏེ“མི་རེས་ལས་བྱ་རེ་བྱེད་པའི”བླང་བྱ་གཞིར་བཟུང་། རྐྱེན་ལམ་དུ་ཤོར་བ་དང་འབྲེལ་བ་ཆད་པའི་མི་སྣའི་ནང་མིར་སེམས་གསོ་གཏོང་བའི་ལས་དོན་ཟོལ་མེད་ངང་ཡག་པོ་སྒྲུབ་པ་དང་རོགས་སྐྱོབ་མ་དངུལ་སྣ་ཚོགས་གྲངས་ཚང་སྤྲད་དེ། ཚང་མས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་བྱམས་སྐྱོང་ཚོར་ཐུབ་པ་བྱེད་དགོས། ཚན་རིག་དང་མཐུན་པའི་ངང་ཞོར་ཐོན་གནོད་འཚེ་འགོག་ཟོན་གནད་སྨིན་བྱས་ནས། ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་གཏོང་བར་ཤུགས་སྣོན་རྒྱག་པ་དང་། གནམ་གཤིས་འགྱུར་ལྡོག་ལ་དོ་སྣང་ཆེན་པོ་བྱེད་པ། དུས་དང་རྣམ་པ་ཀུན་ཏུ་ཆུ་ཁའི་གནས་ཚུལ་དང་རི་བོ་བརྟན་པོ་ཡོད་མེད་ལ་དམ་པོར་དམིགས་པ། ས་ཁོངས་དབར་གྱི་ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་སྔོན་གཏོང་གི་ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་སྣོན་རྒྱག་པ། མངོན་མེད་རྐྱེན་ངན་གོ་རིམ་ལྡན་པའི་ངང་གྲལ་བཤེར་དང་ཐག་གཅོད་བཅས་བྱས་ཏེ། ཉེན་བརྡ་དུས་ཐོག་དང་། གནད་སྨིན། ཐོགས་མེད་བཅས་གཏོང་བའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། དྲིལ་བསྒྲགས་ཁྲིད་སྟོན་གྱི་ལས་དོན་ཧུར་ཐག་བསྒྲུབས་ཏེ། དངོས་ཐོག་བདེན་འཚོལ་དང་། དུས་ཐོག་གནད་འཁེལ། ཡོངས་བསྒྲགས་ཁ་གསལ་བཅས་མཐའ་འཁྱོངས་བྱེད་པ་དང་། གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། གནོད་འཚེའི་གནས་ཚུལ་གྱི་ཆ་འཕྲིན་ཡོངས་བསྒྲགས་ཡག་པོ་བྱེད་པ། སྤྱི་ཚོགས་ཀྱི་དོ་ཁུར་ལ་རང་འགུལ་ངང་བརྡ་ལན་སློག་པ་བཅས་བྱེད་དགོས། ཉེན་སེལ་རོགས་སྐྱོབ་ཀྱི་འཕེལ་རིམ་དང་ཕན་འབྲས་དྲིལ་བསྒྲགས་ཧུར་ཐག་བྱས་ནས། སྤྱི་ཚོགས་ཡོངས་ཀྱིས་རྒྱབ་སྐྱོར་བྱེད་པའི་རྣམ་པ་བཟང་པོ་ཞིག་གཏོད་དགོས། རྨང་གཞིའི་སྒྲིག་བཀོད་འཁོར་སྐྱོད་གང་མགྱོགས་སླར་གསོ་བྱས་ནས། ཉེན་སེལ་དང་ཤར་གཏོང་གི་ལས་དོན་གང་མགྱོཌ་སྒྲུབ་པ་དང་ཆུ་གློག་ལམ་འཕྲིན་སོགས་གཏོར་སྐྱོན་ཕོག་པའི་རྨང་གཞིའི་སྒྲིག་བཀོད་གང་མགྱོགས་ཉམས་བཟོ་བྱས་ཏེ། གེགས་ཁུལ་གྱི་རྒྱུན་གཏན་གྱི་རྨང་གཞིའི་སྒྲིག་བཀོད་འཁོར་སྐྱོད་དང་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་རིམ་བཞིན་སླར་གསོ་བྱེད་དགོས། སྤྱི་ཚོགས་སྤྱི་ཡོངས་ཀྱི་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ་དང་། མཐའ་ཟད་དང་མཐའ་ཚད་ཀྱི་བསམ་གཞིག་མཐའ་འཁྱོངས་བྱེད་པ། སྤྱི་ཚོགས་བདེ་འཇགས་དང་དོ་དམ་གྱི་ལས་དོན་ཡག་པོ་སྒྲུབ་པ། འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་སེལ་རྒྱུར་ཤུགས་སྣོན་རྒྱག་པ། ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་དུས་ཐོག་ཏུ་སེལ་བ་བཅས་བྱས་ཏེ། གེགས་ཁུལ་གྱི་བདེ་འཇགས་དང་བརྟན་ལྷིང་ཐད་འགན་ལེན་ཏན་ཏིག་བྱེད་དགོས། སྤྱི་ཡོངས་ལ་གཞི་ཚུགས་པ་དང་ནུས་ཆེའི་སྒོ་ནས་རྒྱལ་སྒྲོལ་མཐུན་སྦྱོར་ལས་དོན་ཡག་པོ་བསྒྲུབས་ཏེ། གོང་རིམ་སྡེ་ཚན་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ་འབྲེལ་ཡོད་རྒྱལ་ཁབ་དབར་གྱི་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་གནོད་འཚེ་ཐག་གཅོད་དང་། རོགས་སྐྱོབ་འཕེལ་རིམ། མི་སྣའི་གནས་ཚུལ་བཅས་དུས་ཐོག་ཏུ་བརྡ་ཁྱབ་བཏང་ནས་ཕྱི་ཕྱོགས་དང་འབྲེལ་བའི་ལས་དོན་ཞིབ་ཚགས་ངང་ཡག་པོ་སྒྲུབ་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཉེན་སེལ་རོགས་སྐྱོབ་ལས་དོན་ལ་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས། ཚན་རིག་དང་མཐུན་ལ་ནུས་ཆེའི་བཀོད་འདོམས་མཐའ་འཁྱོངས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་། འཐབ་ས་མདུན་མའི་བཀོད་འདོམས་པུས་སྣེ་ཁྲིད་དེ་སྤྱི་ཡོངས་ལ་དམ་འཛིན་དང་སྔོན་ཚུད་ནས་བཀོད་འདོམས་བྱེད་པ་དང་། ཏང་སྲིད་དམག་ཉེན་དམངས་ཀྱིས་བསམ་ཇུས་གཅིག་གི་བསམ་བློ་བརྟན་པོ་འཛུགས་པ། མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ། གཅིག་གྱུར་བཀོད་འདོམས་དང་། གཅིག་གྱུར་བཀོད་གཏོང་། མཉམ་ལས་དམག་འཐབ། མཉམ་ལས་དམ་ཟབ་བཅས་བྱེད་པ། རིགས་ཁག་གི་རོགས་སྐྱོབ་སྟོབས་ཤུགས་ལ་སྤྱི་འདོམས་དང་བེད་སྤྱོད་ཡག་པོ་བྱས་ནས་གོང་འོག་མཉམ་འགུལ་དང་ཕྱོགས་ཁག་ཞུགས་པའི་ཉེན་སེལ་རོགས་སྐྱོབ་ཀྱི་ལས་ཀའི་རྣམ་པ་ཞིག་ཆགས་པར་བྱེད་དགོས། ལས་ཀའི་འགན་འཁྲི་ནན་དུ་བཏང་ནས། ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་གདོང་མཆོང་བྱེད་པ་དང་། འགོ་ཁྲིད་ལས་བྱེད་པས་ལས་གནས་བརྟན་སྲུང་བྱས་ཏེ་ལས་སྣེ་འཁྲིད་པ། ཆེད་མིས་ལས་རེས་བྱེད་པ་བཅས་ཀྱི་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ། འགན་ནུས་སྡེ་ཚན་ཁག་གིས་རང་འགན་གཙང་སྒྲུབ་དང་ལས་བགོས་མཐུན་སྦྱོར་བྱེད་པ། ཉེན་སེལ་རོགས་སྐྱོབ་ལས་དོན་གྱི་མཉམ་ཤུགས་ཆགས་པ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་ལས་དོན་ཁག་ཡག་པོ་སྒྲུབ་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། རང་འགུལ་ངང་གནོད་འཚེ་ཕོག་པའི་མང་ཚོགས་དང་མཉམ་ཟ་མཉམ་སྡོད་བྱེད་པ་དང་། ལྷག་བསམ་རྣམ་དག་དང་བརྩེ་བ་ཟབ་མོས་མང་ཚོགས་ཀྱི་དཀའ་ངལ་ཐག་གཅོད་བྱེད་པ། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་སྙིང་ཉེ་བ་དང“རྟེན་ས”ཡག་པོ་བྱེད་པ། གནོད་འཚེ་ཕོག་པའི་མང་ཚོགས་ཀྱིས་རང་སྐྱོབ་དང་ཕན་ཚུན་རོགས་རམ་བྱ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་མཉམ་དུ་སྐྲུན་དགོས།
འབྲེལ་ཡོད་གསར་འགྱུར།