ཀརྨ་ཚེ་བརྟན་གྱིས་བརྙན་ལམ་ནས་ཉེན་སེལ་རྒུད་སྐྱོབ་ཀྱི་ལས་དོན་ལ་ བཀོད་འདོམས་དང་བཀོད་གཏོང་གནང་བ།
ཐབས་ཤེས་ཡོད་རྒུས་འབྲེལ་ཆད་མི་སྣ་འཚོལ་སྐྱོབ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇཌ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས།
ཟླ་8ཚེས་26ཉིན་གྱི་ཆུ་ཚོད་10དང་སྐར་མ་30ཙམ་ལ་ནེ་པ་ལའི་ཕྱོགས་སུ་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐོན་པའི་རྐྱེན་གྱིས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་འགག་སྒོར་མི་སྣ་ཤི་རྨས་དང་འབྲེལ་བ་ཆད་པའི་གནས་ཚུལ་ཚབས་ཆེན་ཐོན་ཡོད་པ་རེད། གནོད་འཚེ་ཐོན་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་འབྲེལ་མཛུབ་སྟོན་གལ་ཆེན་ཡང་གནང་བ་དང་། ཙུང་ལི་ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་བ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་འཕྲལ་མར་ཡུལ་དངོས་སུ་རོགས་སྐྱོབ་ལས་དོན་ལ་བཀོད་འདོམས་གནང་བར་ཕེབས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་བརྙན་ལམ་ནས་ཉེན་སེལ་རྒུད་སྐྱོབ་ཀྱི་ལས་དོན་ལ་བཀོད་འདོམས་དང་བཀོད་གཏོང་གནང་བ་རེད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་ཀྱིས་རོགས་སྐྱོབ་ཀྱི་དུས་ཚོད་ཡག་ཤོས་དམ་འཛིན་ནན་པོ་དང་། མཐུན་སྦྱོར་གཞོགས་འདེགས་དམ་ཟབ། སྟོབས་ཤུགས་སྣ་ཚོགས་སྤྱི་འདོམས་ནུས་ཆེ་བཅས་བྱས་ནས། ཐབས་ཤེས་ཡོད་རྒུས་འབྲེལ་ཆད་མི་སྣ་འཚོལ་སྐྱོབ་དང་། རྨས་མ་མྱུར་སྐྱོབ། གནོད་འཚེ་ཕོག་པའི་མང་ཚོགས་གནས་སྤོ་བཅས་ནུས་ཤུགས་ཡོད་རྒུས་བྱས་ཏེ། ཚད་གཞི་མཐོ་ཤོས་ཀྱིས་མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་ཅི་ཐུབ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བར་ཤུགས་སྣོན་རྒྱག་པ་དང་། སྔོན་འགོག་དང་ཁ་གཏད་གཅོག་པར་ཤུགས་སྣོན་རྒྱག་པ། ཚན་རིག་དང་མཐུན་པའི་སྒོ་ནས་མྱུར་སྐྱོབ་ལ་སྣང་ཆེན་བཅས་བྱས་ནས་ཞོར་ཐོན་གནོད་འཚེ་ནན་འགོག་བྱེད་དགོས།
དུས་ཐོག་ཡང་དག་དང་དངོས་ཐོག་བདེན་འཚོལ་གྱིས་དབང་གྲགས་ལྡན་པའི་ཆ་འཕྲིན་ཡོངས་བསྒྲགས་བྱས་ཏེ་སྤྱི་ཚོགས་ཀྱི་དོ་ཁུར་ལ་ལན་ཧུར་ཐག་བརྒྱབ་ནས་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།