ཞུས་ཀྲི་ཝུན་གྱིས་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་དང་བོད་ལྗོངས་རྒྱལ་སྤྱིའི་ཁྱབ་སྤེལ་ལྟེ་གནས་སུ་བརྟག་ཞིབ་གནང་བ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཞུས་ཀྲི་ཝུན་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་དང་བོད་ལྗོངས་རྒྱལ་སྤྱིའི་ཁྱབ་སྤེལ་ལྟེ་གནས་སུ་བརྟག་ཞིབ་གནང་བར་ཕེབས་པ་རེད།
བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་དུ། ཞུས་ཀྲི་ཝུན་གྱིས་ཉེ་བའི་ལོ་ཤས་རིང་བཏོན་པའི་དཔེ་སྐྲུན་དངོས་པོ་སྣ་ཚོགས་ལ་ལྟ་ཀློག་ནན་ཏན་གནང་ནས། ནང་དོན་ཇུས་འགོད་དང་། དཔེ་དེབ་དཔེ་སྐྲུན། ཁྲོམ་རར་འགྲེམས་སྤེལ་སོགས་ཀྱི་གནས་ཚུལ་ལ་བཀའ་འདྲི་ཞིབ་ཕྲ་གནང་ཞིང་། ཁོང་གིས། སྤྱི་འདོམས་འཆར་འགོད་ལ་ཤུགས་སྣོན་བརྒྱབ་ནས། ལོ་རྒྱུས་དང་། རིག་གནས། འཕེལ་རྒྱས་སོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ཏེ། དཔེ་ཚོགས་རབ་དང་རིམ་པ་དཔེ་སྐྲུན་བྱས་ནས་བསམ་བློ་གཏིང་ཟབ་པ་དང་། ནང་དོན་ཕུན་སུམ་ཚོགས་པ། མང་ཚོགས་ཀྱིས་དགའ་པོ་བྱེད་པ་བཅས་ཀྱི་དཔེ་དེབ་ཁག་གཅིག་བཏོན་ཏེ། དཔེ་སྐྲུན་ལས་དོན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། གཞི་རིམ་གྱི་ཞིང་འབྲོག་མང་ཚོགས་ལ་ཕྱོགས་ནས་སྐད་ཆ་ཁ་གསལ་གོ་བདེ་དང་། པར་རིས་དང་ཡི་གེ་མཉམ་བཀོད་ཀྱི་ཀློག་དེབ་ཇུས་འགོད་བྱས་ནས་བཏོན་ཏེ། མང་ཚོགས་ཀྱིས་ལྟ་ཤེས་པ་དང་ལྟ་འདོད་པ་བྱེད་དགོས་ཞེས་གསུངས་པ་རེད།
བོད་ལྗོངས་རྒྱལ་སྤྱིའི་ཁྱབ་སྤེལ་ལྟེ་གནས་སུ། ཞུས་ཀྲི་ཝུན་གྱིས་ས་ཡུལ་དངོས་སུ་ཁྱབ་སྤེལ་ལས་སྟེགས་འཁོར་རྒྱུག་དང་ནང་དོན་བཀོད་སྒྲིག་གི་བརྒྱུད་རིམ་ལ་གཟིགས་པ་དང་། སྡེ་ཚན་ཁག་གི་ངོ་སྤྲོད་གསན་ཞིང་། ཁོང་གིས་ནན་བཤད་གནང་དོན། བོད་ལྗོངས་རྒྱལ་སྤྱིའི་ཁྱབ་སྤེལ་ནི་ཕྱི་ཕྱོགས་སུ་བོད་ལྗོངས་གསར་པའི་གཟུགས་བརྙན་བཟང་པོ་གཏོད་པའི་གཡུལ་ས་གལ་ཆེན་ཞིག་ཡིན་པས། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་བྱ་རྒྱུ་གཞི་འཛིན་སར་མཐའ་འཁྱོངས་བྱེད་པ། རྒྱལ་སྤྱིའི་ཁྱབ་སྤེལ་འདི་ཉིད་མཐའ་མཚམས་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་བའི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་བ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། འགྱུར་ལྡོག་ལ་ངོས་འཛིན་དང་། འགྱུར་ལྡོག་དང་བསྟུན་པ། འགྱུར་ལྡོག་ཡོང་ཐབས་བྱེད་པ་བཅས་བྱས་ཏེ། བོད་དང་འབྲེལ་བ་ཡོད་པའི་ཁྱབ་སྤེལ་གཏམ་དབང་ལ་རང་འགུལ་ངང་སྟངས་འཛིན་བྱེད་དགོས། ཁྱབ་སྤེལ་གྱི་ཕན་འབྲས་ཆེ་རུ་བཏང་སྟེ་བོད་གསར་རྙིང་བསྡུར་ནས་འཕོ་འགྱུར་གླེང་བ་དང་། མི་རིགས་མཐུན་སྒྲིལ་དང་། སྐྱེ་ཁམས་སྲུང་སྐྱོང་། གྲོང་གསེབ་དར་རྒྱས། ལས་བྱེད་པ་དང་མང་ཚོགས་གངས་ལྗོངས་སུ་གཞི་ཚུགས་པ་བཅས་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་དེ། གཏམ་རྒྱུད་ངོ་མ་དང་། དཔེ་མཚོན་ངོ་མ། གཞི་རིམ་གྱི་མཐོང་སྣེ་བཅས་ཀྱི་ཐོག་ནས། དུས་རབས་གསར་པའི་བོད་ཀྱི་བརྟན་ལྷིང་དང་དར་རྒྱས་གསོན་ཉམས་དོད་པོས་མངོན་པར་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།