དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྤྱི་ཚོགས་འཛུགས་སྐྲུན་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་གཞོན་པ་སུང་ཤིའུ་ཡན་དང་བཞུཌ་མོལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-08-20

    ཡན་ཅིན་ཧའེ་ཞུགས་པ།

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་དང་སྤྱི་ཚོགས་འཛུགས་སྐྲུན་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་གཞོན་པ་སུང་ཤིའུ་ཡན་བཅས་པ་དང་བཞུགས་མོལ་གནང་བ་རེད།

    ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་སུང་ཤིའུ་ཡན་དང་བཅས་པས་སྨན་བཅོས་འགན་བཅོལ་ལས་དོན་ལ་བརྟག་ཞིབ་གནང་བར་དགའ་བསུ་ཞུས་པ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྤྱི་ཚོགས་འཛུགས་སྐྲུན་ཨུ་ལྷན་གྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་གསུངས་དོན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ནས“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ་དང་། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་ལས་དོན་གྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ། བོད་ཀྱི་དོན་དངོས་ལ་གཞི་ཚུགས་ཏེ་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་མི་འབོར་དང་། མི་སེམས། ཤེས་ལྡན་པ་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པར་ཤུགས་སྣོན་རྒྱག་པ། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་ལས་དོན་ཡག་པོ་སྒྲུབ་པ། ལས་ཞུགས་དང་། སློབ་གསོ། སྨན་བཅོས། རྒན་གསོ། བུ་བཅོལ། སྡོད་ཁང་སོགས་དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་པ། དམངས་འཚོའི་བདེ་རྩ་ཆེ་རུ་ཏན་ཏིག་གཏོང་བ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ལ་མིག་མཐོང་ལག་ཟིན་ཐུབ་པའི་ཕན་པ་དངོས་ཐོབ་ཡོད། སྨན་བཅོས་འགན་སྲུང་ཐད་སྨན་བཅོས་འགན་བཅོལ་གྱི་དོ་དམ་ཞབས་ཞུའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། སྨན་བཅོས་དང་། སྨན་བཅོས་འགན་བཅོལ། སྨན་རྫས་བཅས་མཐུན་སྦྱོར་འཕེལ་རྒྱས་དང་བཅོས་སྒྲིག་ལ་སྐུལ་འདེད་བཏང་ནས་རིམ་པ་མང་བའི་སྨན་བཅོས་འགན་ལེན་ལམ་ལུགས་མ་ལག་སྔར་བས་འཐུས་སྒོ་ཚང་དུ་འགྲོ་བར་སྐུལ་འདེད་བཏང་ཡོད། ལྷག་པར་དུ་བོད་ཀྱི་ནད་བརྟག་སྨན་བཅོས་ཀྱི་ཆུ་ཚད་ཅུང་རྗེས་ལུས་ཡིན་པ་དང་། ས་མཐོའི་དམིགས་བསལ་ཁོར་ཡུག་གིས་བདེ་ཐང་ལ་གནོད་འཚེ་བཟོ་བའི་རྒྱུ་རྐྱེན་ཅུང་མང་བ། ཡུལ་ནད་ཐོན་སླ་བ། ས་མཐོའི་ནད་ཐོན་མང་བ། མང་ཚོགས་ཀྱི་བཟའ་བཅའི་གྲུབ་ཆ་ལུགས་མཐུན་མེད་པ་སོགས་ཕྱོགས་ལྔའི་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ། སྨན་བཅོས་ཐོན་ཁུངས་དོ་སྙོམས་བཀོད་སྒྲིག་དང་ཁྱབ་རྒྱ་ཆེ་རུ་གཏོང་བར་སྐུལ་འདེད་བཏང་ནས་ལོ་ལྟར་མང་ཚོགས་ལ་བདེ་ཐང་གི་གཟུགས་པོ་བརྟག་དཔྱད་དང་། བྱིས་པའི་ལྷན་སྐྱེས་སྙིང་ནད་ལ་རྒྱུན་གཏན་ཅན་གྱི་གྲལ་བཤེར་དང་སྐྱོབ་བཅོས། ཐུམ་འབུའི་ནད་འགུལ་རྣམ་གཙང་སེལ། མང་ཚོགས་ཀྱི་བཟའ་བཅའི་གྲུབ་ཆ་ལེགས་གཏོང་། ཡུལ་མིའི་བདེ་ཐང་གི་ཆུ་ཚད་མཐོ་རུ་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད།

    ཝང་ཅུན་ཀྲེང་གིས་བསྟན་དོན། མིག་སྔར་བོད་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་རྒྱང་ལམ་གསར་པར་སྐྱོད་བཞིན་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྤྱི་ཚོགས་ཨུ་ལྷན་གྱིས་སྔར་བཞིན་བོད་ཀྱི་ལས་དོན་ལ་ཐུགས་ཁུར་རྒྱབ་སྐྱོར་དང་། ངལ་རྩོལ་ལས་ཞུགས་དང་། སྤྱི་ཚོགས་འགན་སྲུང་། དམངས་སྲིད་ལས་དོན། བདེ་འཇགས་ཐོན་སྐྱེད་སོགས་ལས་དོན་ལ་མཛུབ་ཁྲིད་དང་རོགས་རམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད།

    སུང་ཤིའུ་ཡན་གྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་རྟེན་འབྲེལ་ཞུས་ཤིང་། ཁོང་གིས་ད་ཐེངས་བོད་དུ་བརྟག་ཞིབ་བྱེད་སྐབས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཐུགས་ཁུར་ཟབ་མོའི་འོག བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་ཆེན་པོ་ཐོབ་པ་དང་གནམ་ས་བླ་འོག་ཏུ་སྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་། ལྷག་པར་དུ་དམངས་འཚོའི་བྱ་གཞག་ཐད་གོམ་སྟབས་བརྟན་པོ་སྤོས་ཤིང་། སྨན་བཅོས་འཕྲོད་བསྟེན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། སྨན་བཅོས་ཞབས་ཞུའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ། འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་བཅས་ཀྱི་མྱོང་ཚོར་གཏིང་ཟབ་བྱུང་། ང་ཚོས་བོད་ཀྱི་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་ཏེ་བརྟག་དཔྱད་ཞིབ་འཇུག་དང་ལེགས་སྒྲིག་ཕྱོགས་སྡོམ་གྱི་ལས་དོན་ཡག་པོ་བསྒྲུབས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།