སློབ་གསོའི་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་འཚོགས་པ།
ཝང་ཅུན་ཀྲེང་དང་ཧོའེ་ཅིང་ཕུང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ། ཀརྨ་ཚེ་བརྟན་ཞུགས་པ།
ཟླ་8ཚེས་13ཉིན། སློབ་གསོའི་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ལྷ་སར་འཚོཌ་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་། སློབ་གསོ་པུའི་ཏང་ཙུའི་ཧྲུའུ་ཅི་དང་པུའུ་ཀྲང་ཧོའེ་ཅིང་ཕུང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་ཚོགས་འདུར་ཕེབས་པ་དང་། སློབ་གསོ་པུའི་ཏང་ཙུའི་ཁོངས་མི་དང་པུའུ་ཀྲང་གཞོན་པ་ཞུང་སི་ཧའོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་སློབ་གསོ་པུའུ་དང་། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། མཐོ་སློབ་ཁག་བཅས་ཀྱིས་བོད་ལ་རྒྱབ་སྐྱོར་ཤུགས་ཆེན་དང་སྒེར་སེམས་མེད་པའི་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས། འདི་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཡིན་པས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོའི་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་། དེ་བཞིན་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་ལག་བསྟར་དང་། སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས། ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར། བོད་ཀྱི་སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱ་ཆེད་སྲ་ཞིང་བརྟན་པའི་རྨང་གཞི་འདིང་དགོས། ལམ་ལུགས་ཀྱི་ལེགས་ཆ་སྔར་བས་འདོན་པ་དང་། བོད་ཀྱི་དོན་དངོས་ལ་གཞི་ཚུགས་པ། འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་མི་འབོར་དང་། མི་སེམས། ཤེས་ལྡན་པ་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པར་དམིགས་པ། རྨང་གཞིའི་སློབ་གསོ་དེ་ཉིད་རྨང་གཞིའི་རང་བཞིན་དང་སྔོན་ཁྲིད་རང་བཞིན་གྱི་ལས་དོན་ལ་བརྩིས་ནས་དམ་འཛིན་བྱེད་པ། ཐབས་མང་མཉམ་དུ་སྤྱད་དེ་རྨང་གཞིའི་སློབ་གསོ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྨང་གཞིའི་སློབ་གསོ་ལེགས་སྐྱེད་སྤུས་འདེགས་དང་། ལས་རིགས་སློབ་གསོ་གསར་གཏོད་ཕྱོགས་སྒྱུར། མཐོ་རིམ་སློབ་གསོའི་ནང་གནས་རྣམ་པའི་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། སློབ་གསོ་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་དང་དེ་བས་དྲང་གཞག་གི་སྒོ་ནས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་ཐོབ་པར་བྱེད་དགོས། ཁ་གཏད་བོད་སྐྱོར་ལས་དོན་མུ་མཐུད་གཏིང་ཟབ་སྤེལ་བ་དང་། སློབ་གསོའི་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལ་ཤུགས་སྣོན་རྒྱག་པ། མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་རིག་སྟོབས་ཀྱི་འདེགས་སྐྱོར་ནུས་ལྡན་བྱེད་དགོས། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞབས་ཞུ་དང་དོ་དམ་སྔར་བས་ཡག་པོ་བྱེད་པ་དང་སློབ་གསོའི་ཁོངས་གཏོགས་ཀྱི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པར་ཐུགས་ཁུར་དང་གཅེས་སྐྱོང་བྱས་ཏེ། ཁོང་ཚོས་ནུས་པ་འདོན་པར་ཁོར་ཡུག་བཟང་པོ་ཞིག་བཏོད་ནས་མི་གནས་སར་ལུས་པོ་གནས་པ་དང་། ལུས་པོ་གནས་སར་སེམས་གནས་པ། སེམས་གནས་སར་བརྩེ་བས་ཁེངས་པ་བཅས་དངོས་འབྲེལ་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།
ཧོའེ་ཅིན་ཕུང་གིས་གསུངས་དོན། “ལོ་ལྔ་ཚན་བཅུ་བཞི་པའི” རིང་། སློབ་གསོའི་བོད་སྐྱོར་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་། རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་ཁག་དང་། མཐོ་སློབ། བོད་སྐྱོར་ལས་བྱེད་པ་དང་དགེ་རྒན་བཅས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། རང་འགུལ་ངང་འགན་འཁྲི་ཁུར་བ་དང་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་ནས་བོད་ཀྱི་སློབ་གསོ་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།
ཧོའེ་ཅིན་ཕུང་གིས་གསུངས་དོན། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་ནི་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་སྟོབས་ཤུགས་གཅིག་སྒྲིལ་དང་བརྒྱུད་རིམ་ལྡན་པའི་མཆོང་འཕར་ཡོང་བའི་དུས་སྐབས་གལ་ཆེན་ཞིག་རེད་ལ། བོད་འདི་ཉིད་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་ཕྱོགས་སུ་ཕྱོགས་ཡོངས་ནས་སྐྱོད་པའི་དུས་སྐབས་གལ་ཆེན་ཞིག་ཀྱང་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། སློབ་གསོའི“ངོ་བོ་ཆེན་པོ་གསུམ”ལ་སྟངས་འཛིན་ནན་པོ་དང་། བོད་སྐྱོང་བོད་བརྟན་བོད་དར་ཁྲོད་ཀྱི་སློབ་གསོའི་བོད་སྐྱོར་གྱི་རྨང་གཞིའི་རང་བཞིན་གྱི་ནུས་པ་གལ་ཆེན་དང་། དམངས་འཚོ་ལེགས་གཏོང་ཁྲོད་ཀྱི་འགན་སྲུང་ནུས་པ་གལ་ཆེན། བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་ཀྱི་འདེགས་སྐྱོར་སྣེ་ཁྲིད་ནུས་པ་བཅས་ལ་ངོས་འཛིན་གཏིང་ཟབ། ཏང་གི་སློབ་གསོའི་མཛད་ཕྱོགས་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར། རྒྱལ་ཡོངས་ཀྱི་རྨང་གཞིའི་སློབ་གསོའི་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས། གནད་སྨིན་བོད་སྐྱོར་དང་། བརྒྱུད་རིམ་ལྡན་པའི་བོད་སྐྱོར། ཡུན་རིང་བོད་སྐྱོར་བཅས་ལ་དམིགས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་སྤྱི་འདོམས་བཅས་བྱས་ནས་རྒྱང་ལམ་གསར་པ་དང་དུས་མཚམས་གསར་པའི་སློབ་གསོའི་བོད་སྐྱོར་ལས་དོན་ཕྱོགས་ཡོངས་ནས་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། རྒྱུན་སྲིང་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྦྱོང་བསླབ་སྐྱོང་དང་། དུས་རབས་གསར་པའི་ཀུན་སྤྱོད་ལ་བརྟེན་ནས་མི་བཟང་གསོ་སྐྱོང་འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་བ། རྨང་གཞིའི་སློབ་གསོའི་སྤུས་ཚད་ཀྱི་ཞན་ཆ་མགྱོགས་མྱུར་སེལ་བ། མི་འབོར་གྱི་འགྱུར་ལྡོག་དང་མཐུན་པ་བྱས་ནས་སློབ་གསོའི་ཐོན་ཁུངས་ཀྱི་བཀོད་པ་ལེགས་སུ་གཏོང་བ། བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་བཅས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་སློབ་གསོའི་འདེགས་སྐྱོར་ནུས་པ་ཆེ་རུ་གཏོང་དགོས། སློབ་གསོ་ཚན་རྩལ་གྱི་ཤེས་ལྡན་པའི་ལས་དོན་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་སྟེ། མཐོ་རིམ་སློབ་གསོའི་སྣེ་འདྲེན་ནུས་པ་འདོན་པ་དང་། ཚན་རྩལ་གྱི་འགག་སྒྲོལ་གལ་ཆེན་དང་ཤེས་ལྡན་པ་རང་བརྟེན་གསོ་སྐྱོང་ལ་སྒྲིག་འཛུགས་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ། ཡར་སྨད་ཆུ་གློག་ལས་གྲྭ་སོགས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་ཞབས་འདེགས་ཞུ་བ་བཅས་བྱས་ནས་ས་མཐོའི་ཁྱད་ལྡན་ལེགས་ལྡན་གྱི་ཞིང་འབྲོག་ལས་དང་ནུས་རྒྱུ་གཙང་མ་སོགས་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་དགོས། བོད་ཀྱི་ས་ཁོངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། སློབ་གསོའི་བོད་སྐྱོར་གྱི་ཚན་རྩལ་ཤེས་ལྡན་པའི་ལེགས་ཆ་བཏོན་ནས་བོད་ཀྱི་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལམ་བུ་གསར་པར་སྐྱོད་དགོས། སློབ་གསོའི་བོད་སྐྱོར་ལས་བྱེད་པས“བོད་སྐྱོར་སྙིང་སྟོབས”མུ་མཐུད་ལག་ལེན་བསྟར་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་ཐད་མིག་དཔེ་འདོན་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ཐད་མིག་དཔེ་འདོན་པ། རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བའི་ཐད་མིག་དཔེ་འདོན་པ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་དང་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།
ཚོགས་འདུ་མ་འཚོགས་གོང་། ཝང་ཅུན་ཀྲེང་དང་ཧོའེ་ཅིན་ཕུང་གིས་སློབ་གསོ་པུའུ་དང་བོད་རང་སྐྱོང་ལྗོངས་ཀྱི་ལས་དོན་སྐོར་ལ་གྲོས་མོལ་བྱས་ནས། བོད་ཀྱི་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་སློབ་གསོའི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོན་པ་སོགས་ཀྱི་ཐད་དགོངས་འཆར་བརྗེ་རེས་གནང་བ་རེད།
བོད་དུ་བཞུགས་རིང་། ཧོའེ་ཅིན་ཕུང་དང་བཅས་པ་ད་དུང་རྒྱལ་ཁབ་ཀྱི་གཙོ་གནད་ལས་གྲྭའི་རྣམ་གྲངས་ཀྱི་ས་ཡུལ་དངོས་དང་། སྨན་གླིང་གྲོང་ཁྱེར་གནས་ཡུལ་ལྷོ་པ་མི་རིགས་ཤང་སློབ་ཆུང་། བོད་ལྗོངས་ཞིང་འབྲོག་སློབ་ཆེན། ཉིང་ཁྲི་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭ། ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་། ལྷ་ས་དགེ་འོས་སློབ་གླིང་། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་བོད་ལྗོངས་སློབ་ཆེན་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ཚོད་ལྟ་ཁུལ་བཅས་སུ་ཕེབས་ནས་སློབ་གསོའི་ཁོངས་གཏོགས་ཀྱི་བོད་སྐྱོར་ལས་བྱེད་ཤེས་ལྡན་པའི་འཐུས་མིར་གཟིགས་པ་དང་འཚམས་འདྲི་གནང་ཞིང་། མཐོ་སློབ་ཀྱིས་རྒྱལ་ཁབ་ཀྱི་འཐབ་ཇུས་དང་ས་ཁོངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་། རྒྱལ་ཡོངས་ཀྱི་རྨང་གཞིའི་སློབ་གསོའི་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ། སློབ་གསོའི་ཁ་གཏད་རོགས་སྐྱོར་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་དང་མཁྱེན་རྟོགས་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།