དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ་དང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པ་འགོ་ཚུགས་པ།

    ཝང་ཅུན་ཀྲེང་གིས་ལུས་རྩལ་འགྲན་ཚོགས་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་། ཡན་ཅིན་ཧའེ་ཡིས་འགོ་ཚུགས་མཛད་སྒོ་གཙོ་སྐྱོང་གནང་བ། ཀརྨ་ཚེ་བརྟན་གྱིས་ཤིས་ཚིག་བསྒྲོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-17

    འདི་ནི་ཟླ་8ཚེས་15ཉིན། བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ་དང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པ་གཞིས་རྩེ་གྲོང་ཁྱེར་དུ་འགོ་ཚུགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཞུགས་ནས་ལུས་རྩལ་འགྲན་ཚོགས་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ།

    ཟླ་8ཚེས་15ཉིན། བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ་དང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པ་གཞིས་རྩེ་གྲོང་ཁྱེར་དུ་འགོ་ཚུགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཞུགས་ནས་ལུས་རྩལ་འགྲན་ཚོགས་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཡན་ཅིན་ཧའེ་ཡིས་གཙོ་སྐྱོང་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཀརྨ་ཚེ་བརྟན་གྱིས་ཤིས་ཚིག་བསྒྲོན་པ་རེད།

    འགོ་ཚུགས་མཛད་སྒོ་མ་འཚོགས་གོང་། ཝང་ཅུན་ཀྲེང་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ལྗོངས་ཡོངས་ཀྱི་ལུས་རྩལ་ལས་དོན་གྱི་སྔོན་ཐོན་འཐུས་མིར་མཇལ་འཕྲད་གནང་བ་དང་། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་དང་འབྲེལ། ཚང་མར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

    ཝང་ཅུན་ཀྲེང་གིས། ལོ་མང་རིང་། ལྗོངས་ཡོངས་ཀྱི་ལུས་རྩལ་འཐབ་ཕྱོགས་ཀྱིས་འགན་འཁྲི་བློ་ལ་བརྟན་པོར་བཅངས་པ་དང་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བར་རྩལ་འགྲན་ཐང་དུ་དཔའ་ངར་ཆེར་སྐྱེད་ཀྱིས་སྔོན་ཐོན་བརྩོན་ལེན་དང་འབད་འཐབ་ལེགས་སྐྱེས་ཕུལ་ནས་བོད་ལ་གཟི་བརྗིད་མཚན་སྙན་བླངས་པ་དང་། ལྗོངས་ཡོངས་ཀྱི་ལུས་རྩལ་བྱ་གཞག་འཕེལ་རྒྱས་དང་ལུས་རྩལ་ཐོན་ལས་དར་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། ཚང་མས་གཟི་བརྗིད་མཚན་སྙན་ལ་གཅེས་སྤྲས་དང་ཡང་འབད་བསྐྱར་འབད་ཀྱིས་ལུས་རྩལ་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། གཟི་བརྗིད་ཀྱི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ། ལྗོངས་ཡོངས་ཀྱི་ལུས་རྩལ་བྱ་གཞག་ལ་གྲུབ་འབྲས་གསར་པ་ཐོབ་པ་དང་ཚད་བརྒལ་གསར་པ་ཡོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཆུ་ཚོད་16དང་སྐར་མ་30ཡི་ཐོག་འགོ་ཚུགས་མཛད་སྒོ་དངོས་སུ་འགོ་ཚུགས་ཤིང་། ངར་ཤུགས་རྒྱས་པའི《ལུས་རྩལ་པའི་མདུན་སྐྱོད་གླུ་གཞས》ཀྱི་འགྱུར་ཁུག་ཁྲོད་གཟབ་སྦྲེང་རུ་མིས་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་སྲུང་བཞིན་གོམ་སྟབས་བརྟན་པོས་ལུས་རྩལ་ཐང་དུ་བསྐྱོད། བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་དར་དང་། བོད་རང་སྐྱོང་ལྗོངས་ཀྱི་སྐབས་བཅུ་བཞི་པའི་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་དར་རུ་སྟར། ཤན་འབྱེད་པའི་རུ་སྟར། འགྲན་ཞུགས་འཐུས་མི་ཚོགས་པ་9ཡི་འཐུས་མི་བཅས་རིམ་པ་བཞིན་འགྲན་རར་བསྐྱོད་པ་རེད། མི་རིགས་ཁག་གི་ལུས་རྩལ་པ་རྣམས་སྙིང་སྟོབས་ཆེར་སྐྱེད་དང་གོམ་སྟབས་བརྟན་པས་ཚོགས་ར་ཡོངས་སུ་ལྟད་མོ་བའི་ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་ཀྱི་སྒྲས་ཁེངས།

    ཆུ་ཚོད་17དང་སྐར་མ་10ཡི་ཐོག་ཝང་ཅུན་ཀྲེང་གིས་བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ་དང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བས་ཚོགས་ར་ཡོངས་སུ་དགའ་འབོད་ཀྱི་སྒྲས་ཁེངས།

    ལུས་རྩལ་པ་དང་ཤན་འབྱེད་པའི་འཐུས་མིས་རིམ་པ་བཞིན་བཤད་སྟེགས་ཐོག་འཛེགས་ནས་དམ་བཅའ་བཞག “ཇོ་མོ་གླང་མར་ལྷན་འཛོམས་ཀྱིས་ས་མཐོའི་ཕུགས་འདུན་དོན་གཉེར་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་རིག་རྩལ་འཁྲབ་སྟོན་དེ་གླུ་གར་ལེ་ཚན《ཇོ་མོ་གླང་མར་དགའ་འཛོམས་བྱེད》ཅེས་པའི་ཁྲོད་འགོ་ཚུགས་ཤིང་། འཁྲབ་སྟོན་གྱི་འགོ་ནས་མཇུག་མར་སྒོ་དབྱེ་འཕེལ་རྒྱས་དང་། མི་རིགས་མཐུན་སྒྲིལ། དམངས་ཡོངས་ལུས་སྦྱོང་སོགས་ཀྱི་ནང་དོན་ལ་དམ་པོར་དམིགས་ཏེ་ལུས་རྩལ་གྱི་གཞི་རྒྱུ་དང་། སྒྱུ་རྩལ་གྱི་རྣམ་པ། གྲངས་འཛིན་ལག་རྩལ་བཅས་གསར་གཏོད་བེད་སྤྱོད་བྱས་ཏེ་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་དང་མང་ཚོགས་ལུས་རྩལ་གྱི་གཡུར་ཟའི་གྲུབ་འབྲས་གསོན་ཉམས་དོད་པོས་མངོན་པར་བྱས་ཤིང། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས“ལོ་ལྔ་ཚན་བཅོ་ལྔ་པར”འབད་འབུངས་མདུན་སྐྱོད་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་སྐྲུན་དང་མཛེས་སྡུག་ལྡན་པའི་བོད་ཀྱི་ལེའུ་གསར་རྩོམ་པའི་ཡིད་ཆེས་བརྟན་པོ་བརྒྱུད་སྤྲོད་བྱས་ཡོད།

    ཆུ་ཚོད་17དང་སྐར་མ་50ཙམ་ལ་འགོ་ཚུགས་མཛད་སྒོ་དེ་གླུ་གཞས《འཛེག་ཤོག》ཅེས་པའི་དཔའ་ངར་ཆེར་སྐྱེད་ཀྱི་འགྱུར་ཁུག་དང་ཚོགས་ར་ཡོངས་ཀྱི་ལྟད་མོ་བའི་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་ནས་ལུས་རྩལ་ཐང་ཧྲིལ་པོར་དགའ་སྤྲོའི་རྣམ་པས་ཁེངས།

    སྐབས་འདིའི་ལུས་རྩལ་འགྲན་ཚོགས་ཟླ་8ཚེས་22ཉིན་མཇུག་འགྲིལ་རྒྱུ་དང་ཁྱོན་རྣམ་གྲངས་ཆེ་གྲས་26དང་རྣམ་གྲངས་ཆུང་གྲས་193བཀོད་སྒྲིག་བྱས་པར་ལུས་རྩལ་པ་2000ཙམ་འགྲན་བསྡུར་ནང་ཞུགས་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།