དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • བོད་རང་སྐྱོང་ལྗོངས་ཀྱི་འབྲི་གཡག་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་སྐབས་དང་པོ་འགོ་ཚུགས་པ།

    ཀརྨ་ཚེ་བརྟན་འགོ་ཚུགས་མཛད་སྒོར་ཞུགས་ནས་ཤིས་ཚིག་གསུངས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-08-14

    ཚེས་12ཉིན། བོད་རང་སྐྱོང་ལྗོངས་ཀྱི་འབྲི་གཡག་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་སྐབས་དང་པོ་ནག་ཆུ་གྲོང་ཁྱེར་དུ་འགོ་ཚུགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་འགོ་ཚུགས་མཛད་སྒོར་ཞུགས་ནས་ཤིས་ཚིག་གསུངས་པ་རེད།

    ཀྲུང་གོ་གྲོང་གསེབ་འཕེལ་རྒྱས་དང་བླངས་ཞབས་ཞུ་སྐུལ་སྤེལ་ཚོགས་པའི་ཚོགས་གཙོ་ལིའུ་ཡུང་ཧྥུ་ཡིས་ཤིས་ཚིག་གསུངས་པ་དང་། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཁང་ཤང་ཐའོ་ཡིས་ཤིས་ཚིག་གསུངས་པ། ཞིང་ལས་གྲོང་གསེབ་པུའི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་ཤིས་ཚིག་གསུངས་པ། ཀྲུང་གོ་ཞིང་ལས་ཚན་རིག་ཁང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་རིང་ཕུན་ཚོགས་ཀྱིས་གཙོ་སྐྱོང་གནང་བ་རེད།

    ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་པ་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཚབ་ཞུས་ནས་སྐུ་མགྲོན་དང་གྲོགས་པོ་རྣམས་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་དང་། དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་ལས་རིགས་ཁག་གི་མི་སྣར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ། ས་མཐོའི་ཁྱད་ལྡན་ཐོན་ལས་ཀྱི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད།

    ཁོང་གིས། འབྲི་གཡག་ནི་ས་མཐོའི་གཅེས་ནོར་དང་དམངས་འཚོའི་བདེ་རྩ་ཡིན་ཞིང་དེར་བོད་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱིས་དཀའ་སྤྱད་རྔུལ་ཆུ་དང་ཤེས་དཔལ་སྐྱེད་སྲིང་བྱེད་པའི་ལོ་ངོ་སྟོང་གི་རེ་བ་འདུས་ཡོད། འབྲི་གཡག་ནི་ཐོན་ལས་ཀྱི་རྨང་གཞི་དང་ལས་རིགས་དར་རྒྱས་ཀྱི་རྩ་བ་ཡིན་ཞིང་དེ་ས་མཐོའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་གཏོང་བ་དང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དངོས་ཡོད་ཀྱི་རྨང་གཞི་ཡིན། འབྲི་གཡག་ནི་རང་བྱུང་གི་ཐོན་རྫས་དང་འབྱུང་འགྱུར་གྱི་རེ་བ་ཞིག་ཡིན་ཞིང་དེ་ལས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཛེས་སྡུག་ལྡན་པའི་ཕུགས་འདུན་མཚོན་གྱི་ཡོད་ཅེས་གསུངས་པ་རེད།

    ཀརྨ་ཚེ་བརྟན་གྱིས། འབྲི་གཡག་ཐོན་ལས་འཕེལ་རྒྱས་གཏོང་བའི་ལས་དོན་ནི་ཁྲོམ་རའི་གཉེར་སྐྱོང་བྱེད་པོའི་བྱ་གཞག་དར་རྒྱས་ཀྱི་ལས་དོན་ཞིག་ཡིན་ལ། མི་རིགས་ཁག་གི་མང་ཚོགས་ཀྱི་དམངས་འཚོའི་དོན་ཆེན་ཞིག་ཡིན་པ་མ་ཟད། ཏང་དང་སྲིད་གཞུང་གི་འགན་འཁྲི་སྒྲུབ་པའི་དོན་ཆེན་ཞིག་དེ་བས་ཀྱང་ཡིན། དེར་བརྟེན། བོད་ཀྱིས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་སྣོན་བརྒྱབ་སྟེ། ནུས་ལྡན་གྱི་ཁྲོམ་ར་དང་རྗེས་ཐོན་སྲིད་གཞུང་དབར་གྱི་འབྲེལ་བར་སྤྱི་འདོམས་ཡག་པོ་བྱེད་པ་དང་། འབྲི་གཡག་གི་ཐོན་ལས་འཁོར་འབྲེལ་ལ་འཆར་འགོད་ཏན་ཏིག་བྱེད་པ། སྲིད་ཇུས་ཀྱིས་རོགས་སྐྱོར་དང་ཚན་རྩལ་གྱིས་མཐུན་རྐྱེན་སྦྱོར་བ་མཐའ་སྐྱོང་བྱེད་པ། སྤུས་ཚད་བརྟན་པོར་སྲུང་བ་དང་ཚོང་ལམ་རྒྱ་ཆེར་གཏོང་བ། ཐོན་ལས་སྟོབས་ཆེར་གཏོང་བ་དང་འབབ་འཕར་ལ་སྐུལ་ཁྲིད་བཅས་བྱས་ཏེ་རྩྭ་ཐང་གི་སྐྱེ་ཁམས་མཛེས་པ་དང་། མི་རིགས་ཁག་གི་མང་ཚོགས་ཕྱུག་པ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་བཅས་ཡོང་བ་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།

    ཚོགས་འདུ་མ་འཚོགས་གོང་ཀརྨ་ཚེ་བརྟན་དང་། ལིའུ་ཡུང་ཧྥུ། ཚེ་རིང་ཕུན་ཚོགས་བཅས་དང་དེ་བཞིན་ཚོགས་ཞུགས་འཐུས་མི་ཚོས་འབྲི་གཡག་ཐོན་རྫས་ཀྱི་འགྲེམས་སྟོན་ལ་གཟིགས་པ་རེད། འགོ་ཚུགས་མཛད་སྒོར་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་ཀྱི་ཚོང་འགུགས་མ་འདྲེན་གྱི་གན་འཇོག་མཛད་སྒོ་འཚོགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།