བསྟན་པས་རང་སྐྱོང་ལྗོངས་ལས་ཞུགས་ཞབས་ཞུ་ལྟེ་གནས་དང་དེ་བཞིན་འབྲེལ་ཡོད་རྣམ་གྲངས་ས་ཚིགས་སུ་བརྟག་ཞིབ་གནང་བ།
ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བསྟན་པ་རང་སྐྱོང་ལྗོངས་ལས་ཞུགས་ཞབས་ཞུ་ལྟེ་གནས་དང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས། སྣེའུ་ཁུལ་གསར་བཅས་སུ་ཕེབས་ནས་སྤྱི་པའི་ལས་ཞུགས་ཞབས་ཞུ་དང་གླ་ཆ་འགྱངས་ཆད་བཅོས་སྒྲིག་སོགས་ཀྱི་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ་རེད།
རང་སྐྱོང་ལྗོངས་ལས་ཞུགས་ཞབས་ཞུ་ལྟེ་གནས་སུ། བསྟན་པས་ཞབས་ཞུ་ཚོམས་ཆེན་གྱི་སྐར་ཁུང་བཀོད་སྒྲིག་འཁོར་སྐྱོད་དང་ལས་ཞུགས་ཞབས་ཞུའི་ཆ་འཕྲིན་ཅན་གྱི་མ་ལག་འཛུགས་སྐྱོང་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། ལྗོངས་ཡོངས་ཀྱི་མི་སྤྱི་ཁོངས་གཏོགས་ཀྱིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། ལས་ཞུགས་སྔོན་ལ་འཇོག་པའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། ལོ་འཁོར་གྱི་ལས་ཞུགས་དམིགས་ཚད་དང་ལས་འགན་ལེགས་སྒྲུབ་ཡག་པོ་བྱེད་དགོས། ཆ་འཕྲིན་ལ་ཞིབ་དཔྱད་ཡག་པོ་བྱས་ནས་ལས་ཞུགས་ཞབས་ཞུ་ཆ་འཕྲིན་མ་ལག་གི་ནུས་པ་གང་ལེགས་འདོན་པ་དང་། ལས་ཞུགས་ཐུབ་མེད་པའི་ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མའི་གཞི་རྩའི་ཆ་འཕྲིན་དང་ལས་ཞུགས་འདོད་བློ་ཕྱོགས་ཡོངས་ནས་ཐོ་འགོད་གནད་སྨིན་བྱས་ཏེ། ལས་ཞུགས་ཞབས་ཞུའི་དམིགས་སའི་རང་བཞིན་དང་ཕན་ནུས་རང་བཞིན་ཆེ་རུ་གཏོང་དགོས། ལས་གནས་མང་དུ་བཏང་ནས་ལྗོངས་ནང་ཁུལ་དང་ལྗོངས་ཕྱིའི་ལས་ཞུགས་ཐོན་ཁུངས་སྤྱི་འདོམས་བྱེད་པ་དང་། ལས་གནས་བསྡུ་རུབ་བྱེད་ཤུགས་ཆེ་རུ་བཏང་སྟེ། མང་ཚོགས་ཀྱི་ལས་ཞུགས་ཐབས་ལམ་ཟམ་མི་ཆད་པར་རྒྱ་ཆེར་གཏོང་དགོས། གནད་སྨིན་ཞབས་འདེགས་ཞུས་ནས“1131”གི་ལས་ཞུགས་ཞབས་འདེགས་ཧུར་ཐག་ཞུ་བ་དང་། ལས་བརྩོན་བོད་དར་གྱི་རྩལ་ནུས་མཐོར་གཏོང་བྱ་སྤྱོད་ལག་བསྟར་ཡག་པོ་བྱེད་པ། ལས་ཞུགས་ལས་གཏོད་ཀྱི་ཁ་གསབ་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་བྱས་ཏེ། ལས་ཞུགས་ཞབས་ཞུའི་སྤུས་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། རྗེས་མཐུད་རྗེས་སྙེག་བྱས་ནས་ལས་ཞུགས་རྗེས་སྙེག་ཞབས་ཞུའི་མ་ལག་རྒྱུན་མཐུད་འཐུས་སྒོ་ཚང་དུ་གཏོང་བ་དང་། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་གནས་ཚུལ་ལ་འགུལ་རྣམ་དོ་དམ་དང་རྗེས་སྙེག་ཞབས་འདེགས་ཞུས་ཏེ། ལྗོངས་ཡོངས་ཀྱི་ལས་ཞུགས་དུས་བབ་སྤྱི་ཡོངས་བརྟན་པོ་ཡོང་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཁྲེང་ཀོན་ཆུས་བར་སྐོར་གནའ་གྲོང་གི་སྒྲིག་བཀོད་རིམ་སྤོར་ལས་གྲྭ་དང་སྣེའུ་ཁུལ་གསར་མཐོ་གསར་ཟམ་ཆེན་རྣམ་གྲངས་པུའུ་རུ། བསྟན་པས་ཞིང་པ་ལས་མིའི་གླ་ཆ་སྤྲོད་པའི་རྩིས་ཁྲར་ནན་ཏན་གཟིགས་པ་དང་ཁེ་ལས་ཀྱི་ཞིང་པ་ལས་མིའི་རང་མིང་འགོད་ལམ་དང་གླ་ཆའི་འབའ་དངུལ་སོགས་དོན་འཁྱོལ་བྱས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། སྲིད་གཞུང་དང་གཞུང་ཁོངས་ཁེ་ལས་ཀྱི་རྣམ་གྲངས་ཀྱིས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་བྱས་པའི་གནད་དོན་བཅོས་སྒྲིག་བྱེད་པ་ནི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་ལས་དོན་གྱི་ནང་དོན་གཙོ་བོ་ཞིག་ཡིན་པས། གཅིག་སྡུད་བཅོས་སྒྲིག་བྱེད་པ་དེ་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་ཟུང་འབྲེལ་བྱས་ཏེ། 《ཞིང་པ་ལས་མིའི་གླ་ཆ་སྤྲོད་པའི་འགན་ལེན་སྲོལ་ཡིག》ལག་ལེན་ནན་པོ་བསྟར་བ་དང་། གླ་ཆ་སྤྲོད་པ་དང་གླ་ཆའི་འབའ་དངུལ་གྱི་ལམ་ལུགས་དོན་འཁྱོལ་སོགས་ཀྱི་གནས་ཚུལ་ལ་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་ཞིབ་བཤེར་བྱེད་པ། འགལ་བ་དང་རྩོད་གཞི་ཧུར་ཐག་སེལ་བ། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་གླ་ཆ་འགྱངས་ཆད་ཀྱི་གྱོད་གཞི་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ། གླ་ཆ་འགྱངས་ཆད་ཀྱི་གནད་དོན་འགུལ་རྣམ་གཙང་སེལ་ཐུབ་པའི་འགན་ལེན་བཅས་བྱས་ནས་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།