དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཞུས་ཀྲི་ཝུན་གྱིས་ཉིང་ཁྲི་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-08-10

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཞུས་ཀྲི་ཝུན་ཉིང་ཁྲི་གྲོང་ཁྱེར་དང་དེ་བཞིན་རྫོང(ཆུས)ཁག་གཅིག་ཏུ་ཕེབས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་འཛུགས་སྐོར་གྱི་དྲིལ་བསྒྲགས་སློབ་གསོ་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་སོགས་ཀྱི་ལས་དོན་ལ་དམིགས་ནས་བརྟག་ཞིབ་གནང་བ་རེད།

    ཀོང་པོ་རྒྱ་མདའ་རྫོང་ཐའེ་ཀྲའོ་གནའ་གྲོང་དུ་ཡོད་པའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་འཛུགས་འགྲེམས་ཁང་དུ་ཞུས་ཀྲི་ཝུན་གྱིས་ས་ཡུལ་དངོས་སུ་འགྲེམས་རྫས་ལ་གཟིགས་ཞིབ་དང་། འགྲེམས་ཁང་འཛུགས་སྐྲུན་གཉེར་སྐྱོང་དང་དེ་བཞིན་སློབ་གསོ་ཞིབ་སྦྱོང་སྐོར་གྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། ལོ་རྒྱུས་ཀྱི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱེད་པ་དང་། འགྲེམས་ཁང་གི་ལོ་རྒྱུས་དཔྱད་ཡིག་དང་། དངོས་རྫས། པར་རིས་བཅས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། རྒྱུན་རྣམ་ཅན་གྱི་སྒོ་ནས་ཏང་ཡོན་ལས་བྱེད་པ་དང་། སློབ་གྲྭའི་དགེ་སློབ། ཞིང་འབྲོག་མང་ཚོགས་བཅས་སྒྲིག་འཛུགས་ཀྱིས་ས་ཡུལ་དངོས་སུ་སློབ་གསོ་ཞིབ་སྦྱོང་བྱེད་སྒོ་སྤེལ་བ་བཅས་བྱས་ནས་གསོན་ཉམས་དོད་པའི་ལོ་རྒྱུས་ཀྱི་དཔྱད་ཡིག་ཡག་པོ་སྤྱད་དེ་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཡག་པོ་བརྗོད་དགོས་ཞེས་གསུངས་པ་རེད།

    དེ་རྗེས། ཞུས་ཀྲི་ཝུན་བྲག་ཡིབ་ཆུས་ཀྱི་ཤུག་སྡོང་རྒྱལ་པོའི་སྐྱེད་ཚལ་དང་། པ་དྲོ་བ་བྲོ་གར་གླིང་། གངས་ཅན་པ་བློ་གསར་ཁང་སོགས་སུ་ཕེབས་ཏེ་སྐྱེ་ཁམས་ཡུལ་སྐོར་དང་། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན། རིག་གནས་བསམ་བཀོད་ཐོན་ལས་སྐྱེད་སྲིང་དང་ཐོན་རྫས་གསར་སྤེལ་བཅས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས། ས་ཁོངས་ཀྱི་ཐོན་ཁུངས་ལེགས་ཆར་གཞི་ཚུགས་ཏེ་རིག་གནས་དང་། སྐྱེ་ཁམས། ཡུལ་སྐོར་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་དང་། མངོན་མིན་རིག་གནས་ཤུལ་བཞག་དམངས་སྲོལ་རིག་གནས་ཀྱི་ནང་དོན་དང་དུས་རབས་ཀྱི་རིན་ཐང་སྔོག་འདོན་གཏིང་ཟབ་བྱེད་པ། རིག་གནས་བསམ་བཀོད་གསར་གཏོད་ཇུས་འགོད་དང་། རིག་གནས་ཡུལ་སྐོར་ཉམས་ལེན། དྲ་ཚོང་ཕྱིར་ཚོང་སོགས་ཀྱི་ལས་རྣམ་གསར་པ་སྐྱེད་སྲིང་ཧུར་ཐག་བྱེད་པ། “དྲ་ཐོག་ནས་ཡིད་དབང་འཕྲོག་པ་དང་། དྲ་ཕྱིར་ཉམས་ལེན་བྱེད་པ། ས་ཁོངས་ཡོངས་སུ་ཕྱིར་ཚོང་བྱེད་པ”བཅས་གཞི་གཅིག་ཅན་གྱི་ཐོན་ལས་འཁོར་འབྲེལ་སྐྲུན་པ། ཞིང་འབྲོག་མང་ཚོགས་ལ་ཡོང་འབབ་འཕར་བར་རམ་འདེགས་བཅས་བྱས་ནས་ས་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་མཐུན་རྐྱེན་སྦྱོར་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།