ལྗོངས་ཡོངས་ཀྱི་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་ཀྱི་བརྙན་ལམ་ཚོགས་འདུ་ལྷ་སར་འཚོགས་པ།
ལིའུ་ཅང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།
ཉེ་ཆར། ལྗོངས་ཡོངས་ཀྱི་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་ཀྱི་བརྙན་ལམ་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།
ཀྲུའུ་ཧྲོའུ་ཁོའོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཚེ་བརྟན་དང་ཤཱ་ཁེ་ཆིན་ཚོགས་འདུར་ཞུགས་པ་རེད།
ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནག་སེལ་གཤེད་བཅོམ་འཐབ་རྩོད་སྐོར་གྱི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། རྒྱལ་ཡོངས་ཀྱི་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་ཀྱི་བརྙན་ལམ་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར། གྲུབ་འབྲས་ལ་ཕྱོགས་སྡོམ་དང་དུས་བབ་ལ་དབྱེ་ཞིབ། ལྗོངས་ཡོངས་ཀྱི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལས་དོན་གཏིང་ཟབ་སྤེལ་བར་སྐུལ་སློང་དང་བཀོད་སྒྲིག་བཅས་བྱས་པ་རེད། ཚོགས་འདུའི་ཐོག་བསྟན་དོན། 2021ལོ་ཚུན་དུ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་ནག་སེལ་གཤེད་བཅོམ་འགོ་ཁྲིད་ཚོགས་ཆུང་གི་མཛུབ་ཁྲིད་ནུས་ལྡན་འོག ལྗོངས་ཡོངས་ཀྱི་ནག་སེལ་གཤེད་བཅོམ་འཐབ་རྩོད་ལ་གྲུབ་འབྲས་བཟང་པོ་ཐོབ་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།
ལིའུ་ཅང་གིས་བླང་བྱ་བཏོན་དོན། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་སྤེལ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པས། ལག་བསྟར་དོན་འཁྱོལ་ལ་མཐའ་གཅིག་ཏུ་དམ་འཛིན་ཡག་པོ་བྱེད་དགོས། གཙོ་གནད་མངོན་གསལ་དོད་པ་དང་གནད་སྨིན་ཤུགས་འདོན་གྱིས་ནག་སེལ་གཤེད་བཅོམ་གྱི་རེས་སྐོར་གསར་པའི་ཕར་རྒོལ་གྱི་ཚ་རླབས་མགྱོགས་མྱུར་འཕྱུར་བར་བྱེད་དགོས། ནག་གཤེད་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ་ལེབ་བཤེར་དང་ཞིབ་བཤེར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་སྤེལ་བར་འདེགས་སྐྱོར་བྱེད་དགོས། ནག་གཤེད་ཀྱི་ཉེས་གསོག་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་ཤུགས་སྔར་བས་ཆེ་རུ་བཏང་ནས། རྡུང་རྡེག་གི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་དང་། ཆེད་དམིགས་གྱོད་གཞིར་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ། ནག་གཤེད་ཕྱོགས་གཏོགས་ཀྱི་དཔལ་འབྱོར་ཡོང་ཁུངས་རྦད་དེ་མེད་པར་བཟོ་བ་བཅས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་དམ་བསྒྲགས་ཟིལ་གནོན་གྱི་རྣམ་པ་རྒྱུན་འཁྱོངས་བྱེད་དགོས། ནག་གཤེད་དང་འབྲེལ་བ་ཡོད་པའི་རུལ་སུངས་དང་རྒྱབ་རྩར་སྔར་བས་ཞིབ་བཤེར་ཐག་གཅོད་གཏིང་ཟབ་བྱས་ཏེ། སྒྲིག་ཁྲིམས་དང་བཅའ་ཁྲིམས་མཉམ་སྒྲུབ་ལ་ཤུགས་སྣོན་རྒྱག་པ་དང་ཞིབ་གཅོད་དང་འགན་འཁྲི་རྩད་གཅོད་བྱས་ནས། ཕུང་འདྲེ་མཐའ་གཅིག་ཏུ་མེད་པར་བཟོ་དགོས། གཙོ་གནད་ལས་རིགས་དང་གཙོ་གནད་ཁྱབ་ཁོངས་སུ་འགོག་ཟོན་དང་བཅོས་སྒྲིག་སྔར་བས་གཏིང་ཟབ་བྱས་ནས། ན་སོ་དར་ལ་མ་བབས་པའི་མིའི་ནག་གཤེད་དང་འབྲེལ་བ་ཡོད་པའི་གནད་དོན་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་གཏོང་བ་དང་། ཁྲིམས་ཁུར་དུས་བཀག་གཙང་ནས་གློད་འགྲོལ་བཏང་བའི་མི་སྣ་བཀོད་སྒྲིག་དང་རོགས་རམ་སློབ་གསོའི་ལས་དོན་ཡག་པོ་བསྒྲུབས་ཏེ། ནག་གཤེད་ཉེས་གསོག་སླར་ཡང་ཐོན་རྒྱུ་བཀག་འགོག་ཧུར་ཐག་བྱེད་དགོས།
ལིའུ་ཅང་གིས་བླང་བྱ་བཏོན་དོན། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་། ལྟ་སྐུལ་མཛུབ་ཁྲིད་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། དྲིལ་བསྒྲགས་ཁྲིད་སྟོན་ལ་དམ་འཛིན་ཡག་པོ་བཅས་བྱས་ཏེ། སྤྱི་ཚོགས་ཡོངས་སུ་བཅའ་ཁྲིམས་དང་སྤྱོད་བཟང་གོང་དུ་བཀུར་བ་དང་བཟང་སྐྱོར་ངན་འཇོམས་ཀྱི་དར་སྲོལ་བཟང་པོ་ཆགས་པར་སྐུལ་འདེད་གཏོང་བ་དང་། ནག་སེལ་གཤེད་བཅོམ་འཐབ་རྩོད་ཀྱི་མཉམ་ཤུགས་གཅིག་དུ་བསྒྲིལ་ཏེ། ཆེད་དོན་འཐབ་རྩོད་གཏིང་ཟབ་དང་ཏན་ཏིག་སྤེལ་ནས་གྲུབ་འབྲས་དངོས་ཐོབ་པར་སྐུལ་འདེད་གཏོང་དགོས།
འབྲེལ་ཡོད་གསར་འགྱུར།