ཝང་ཅུན་ཀྲེང་གིས་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་འཕེལ་རིམ་གནས་ཚུལ་ལ་བརྟག་ཞིབ་གནང་སྐབས་ནན་བཤད་གནང་དོན།
ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པའི་ངང་རྒྱལ་ཁབ་ས་ཆ་སྔོ་འགྱུར་ལས་དོན་ལ་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཧུར་ཐག་བྱེད་དགོས།
ལིའུ་ཅང་བརྟག་ཞིབ་ལ་ཞུགས་པ།

ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་འཕེལ་རིམ་གནས་ཚུལ་ལ་བརྟག་ཞིབ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་ལྷ་ཀླུ་འདམ་རའི་སྐྱེ་ཁམས་སླར་གསོའི་ཡུག་ཁུལ་དུ་སྡོང་ཕྲུག་སྐྱེ་འཚར་ལ་ཞིབ་ཕྲ་གཟིགས་ནས། ལྕང་སོན་འདེམས་པ་དང་། སྐྱེ་འཚར་དུས་ཡུན། ནགས་བཟོའི་མ་གནས། བདག་སྐྱོང་སོགས་ཀྱི་ལས་དོན་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བཞིན་པ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་འཕེལ་རིམ་གནས་ཚུལ་ལ་བརྟག་ཞིབ་གནང་སྐབས་ནན་བཤད་གནང་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པའི་ངང་རྒྱལ་ཁབ་ས་ཆ་སྔོ་འགྱུར་ལས་དོན་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཧུར་ཐག་བྱེད་དགོས།
ཟླ་བརྒྱད་པའི་ལྷ་སར་རྩྭ་རྩི་ཤིང་སྔོ་ཐིང་ངེར་གནས་ཤིང་། གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་མཆིས། ཝང་ཅུན་ཀྲེང་ལྷ་ཀླུ་འདམ་རའི་སྐྱེ་ཁམས་སླར་གསོའི་ཡུག་ཁུལ་དང་། ལྷོ་རིའི་ནགས་བཟོ་ཡུག་ཁུལ། ཚེ་མཆོག་གླིང་ཡུག་ཁུལ་བཅས་སུ་ཕེབས་ཏེ་སྡོང་ཕྲུག་གི་སྐྱེ་འཚར་ལ་ཞིབ་ཕྲ་གཟིགས་ནས། ལྕང་སོན་འདེམས་པ་དང་། སྐྱེ་འཚར་དུས་ཡུན། ནགས་བཟོའི་མ་གནས། བདག་སྐྱོང་སོགས་ཀྱི་ལས་དོན་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། རྒྱང་རིང་ནས་བལྟས་ཚེ། སྡོང་ཕྲུག་སྣ་ཚོགས་སྔོ་ཐིང་ངེར་གནས་ཤིང་སྐྱེ་འཚར་བཟང་བས་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད།
མིག་སྔའི་བར། རིམ་རྩིས་བརྒྱབ་ན་ནགས་བཟོ་མུའུ་ཁྲི་150.02བྱས་པ་དང་སྡོང་ཕྲུག་རྐང་དུང་ཕྱུར་1.5ལྷག་ཙམ་བཏབ་པར་སྤྱི་ཡོངས་ནས་གསོན་ཚད་85%ཡན་ཟིན་ཡོད་པ་དང་། རིམ་རྩིས་བརྒྱབ་ན་ཞིང་འབྲོག་པ་མི་ཐེངས་ཁྲི་1090ལྷག་ཙམ་ལས་ཞུགས་ཐུབ་ནས་མང་ཚོགས་ལ་འབབ་འཕར་སྒོར་དུང་ཕྱུར་35ལྷག་ཙམ་ཡོང་བར་སྐུལ་ཁྲིད་ཐུབ་ཡོད་ཅེས་ལས་དོན་པའི་ངོ་སྤྲོད་གསན་སྐབས། ཝང་ཅུན་ཀྲེང་གིས་ནགས་བཟོ་སྔོ་འགྱུར་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་གསུངས་དོན། ལས་གྲྭ་ལག་བསྟར་བྱས་ཚུན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཡུལ་བབ་དང་བསྟུན་རྒྱུ་མཐའ་འཁྱོངས་བྱས་ནས་ཕྱི་རོལ་ཡུལ་གྱི་ཆོས་ཉིད་ཁོང་དུ་ཆུད་པ་དང་། ཚན་རྩལ་གྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་ཚོགས་ཀྱི་སྟོབས་ཤུགས་རྒྱ་ཁྱབ་ཞུགས་པར་སྐུལ་སློང་། མང་ཚོགས་ཀྱི་འབབ་འཕར་སྐུལ་ཁྲིད་ལ་མཐོང་ཆེན་བཅས་བྱས་པས། སྔོ་རྒྱ་ཆེར་གཏོང་དང་། སྔོ་ལྗང་སྲུང་སྐྱོང་། སྔོ་ལྗང་དར་སྤེལ་བཅས་ཀྱི་གྲུབ་འབྲས་མངོན་གསལ་དོད་ཅིང་། རི་ཀླུང་དེ་བས་སྔོ་ལྗང་ཅན་དུ་གྱུར་པ་དང་གནམ་གཤིས་དེ་བས་ལེགས་སུ་སོང་བ། ས་ཁོངས་སྐྱེ་ཁམས་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་བཅས་བྱུང་བས། སྐྱེ་ཁམས་ཀྱི་ཕན་འབྲས་དང་། དཔལ་འབྱོར་གྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་དུས་མཉམ་དུ་ཆེ་རུ་ཕྱིན་ཡོད། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་དེ་ཡུན་རིང་གི་བརྒྱུད་རིམ་ལྡན་པའི་ལས་གྲྭ་ཞིག་ཏུ་བརྩིས་ནས་ཉམས་མྱོང་ཕྱོགས་སྡོམ་དང་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། བོད་ཀྱི་དོན་དངོས་ལ་གཞི་ཚུགས་པ། མང་ཚོགས་ཀྱི་རེ་སྒུག་དང་བསྟུན་པ། རང་བྱུང་ཁམས་ཀྱི་ཆོས་ཉིད་ལ་བརྩི་སྲུང་ཞུས་ཏེ། སྐྱེ་ཁམས་ཀྱི་ལས་གྲྭ་དང་དམངས་འཚོའི་ལས་གྲྭ་དེ་ཉིད་རྒྱུན་སྲིང་ལྷོད་མེད་སྒོས་ཡག་པོ་སྒྲུབ་དགོས། ཚན་རྩལ་ལ་བརྟེན་ནས་ཐོན་སྐྱེད་ནུས་ཤུགས་འདོན་པ་དང་། ལག་རྩལ་གསར་པ་དང་བྱ་ཐབས་གསར་པ་བེད་སྤྱོད་བྱེད་རྒྱ་ཆེ་རུ་བཏང་ནས་ནགས་བཟོའི་སྤུས་ཚད་མཐོ་རུ་ཧུར་ཐག་གཏོང་དགོས། སྐྱེ་ཁམས་དམངས་ཕན་དང་། སྐྱེ་ཁམས་དམངས་བདེ། སྐྱེ་ཁམས་དམངས་ཆེད་བཅས་མཐའ་འཁྱོངས་བྱས་ནས། ཞིང་འབྲོག་པ་ནགས་བཟོ་སྔོ་འགྱུར་ནང་ཞུགས་པར་སྐུལ་སློང་བྱེད་པ་དང་། ནགས་ཁྲོད་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ཚོར་ལས་ཞུགས་འབབ་འཕར་ཡོང་བར་བྱེད་དགོས། རྒྱུན་སྲིང་ལྷོད་མེད་ངང་སྔོ་ལྗང་རྒྱ་སྐྱེད་གཏོང་བའི་ལས་དོན་ཡག་པོ་བསྒྲུབས་ནས་ཁེ་ལས་དང་། སྤྱི་ཚོགས་རྩ་འཛུགས། སྤྱི་དམངས་བཅས་ལ་བྱ་ཐབས་སྣ་མང་བརྒྱུད་རྒྱལ་ཁབ་ས་ཆ་སྔོ་འགྱུར་ནང་ཞུགས་པར་སྐུལ་ལྕག་བྱས་ཏེ། ནགས་བཟོ་སྔོ་འགྱུར་གྱི་ཕན་འབྲས་ཆེ་རུ་ཏན་ཏིག་གཏོང་དགོས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང》ཟླ་8ཚེས་15ཉིན་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པས། སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་དང་། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས། དེ་བཞིན་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བྱ་ཐབས་བཅས་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ་ཁྲིམས་སྐྱོང་གི་སྲོལ་ལམ་ཐོག་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས།
ཝང་ཅུན་ཀྲེང་གིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་ནས“རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན”གྱི་འཐབ་ཇུས་ངེས་གནས་གཏན་འཁེལ་གནང་ཡོད། 2025ལོའི་ཟླ་བརྒྱད་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་སྐབས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་འཕྲི། སྔོ་ལྗང་རྒྱ་སྐྱེད། དཔལ་འབྱོར་འཕར་སྣོན་བཅས་ལ་མཉམ་དུ་སྐུལ་འདེད་གཏོང་བ། “འཛམ་གླིང་གི་ཡང་རྩེ”དང“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་ཡོད་པས། ང་ཚོས་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་སྔར་བས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ། ཚད་གཞི་མཐོ་པོས་སྤྱི་འདོམས་དང་བརྒྱུད་རིམ་ལྡན་པའི་སྐུལ་འདེད་གཏོང་བ། ཡུལ་བབ་དང་བསྟུན་ནས་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་ལས་དོན་སྤེལ་བ། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པ་བཅས་བྱས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་རྨང་གཞི་བརྟན་པོ་བཏིང་ཡོད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་འགན་འཁྲི་ནན་དུ་ཏན་ཏིག་གཏོང་བ་དང་། སྤྱི་འདོམས་ལ་ཤུགས་སྣོན་རྒྱག་པ་དང་མཉམ་ཤུགས་གཅིག་སྒྲིལ་བྱས་ཏེ། ལས་གྲྭ་ཚད་གཞི་དང་སྤུས་ཚད་མཐོ་པོས་ལག་བསྟར་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་དགོས། ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ནན་པོ་བྱས་ཏེ་ལས་གྲྭའི་སྒྲིག་འཛུགས་ལག་བསྟར་དང་། འཛུགས་སྐྲུན་གྱི་འཕེལ་རིམ། སྤུས་ཚད་དང་ཕན་འབྲས་སོགས་ལ་བརྒྱུད་རིམ་ཧྲིལ་པོར་རྗེས་སྙེག་གིས་ཕན་འབྲས་འདྲི་རྩད་བྱས་ནས་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས། སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་བསྟར་བྱེད་པ་དང་། སྤྱོད་ཚུལ་མུ་མཐུད་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤོང་དགོས། དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་དྲིལ་བསྒྲགས་གཏིང་ཟབ་བྱེད་པ་དང་། ནགས་བཟོ་སྔོ་འགྱུར་གྱི་གྲུབ་འབྲས་དྲིལ་བསྒྲགས་འཕྲིན་སྤེལ་རྒྱ་ཁྱབ་བྱེད་པ། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་མུ་མཐུད་འདོན་པ། མི་རིགས་ཁག་གི་མང་ཚོགས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། མི་ཚང་མས་རྒྱལ་ཁབ་ས་ཆ་སྔོ་འགྱུར་ལ་སེམས་ཁུར་དང་། རྒྱབ་སྐྱོར། དེའི་ནང་ཞུགས་པ་བཅས་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པར་སྐུལ་འདེད་གཏོང་དགོས།
འབྲེལ་ཡོད་གསར་འགྱུར།