དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ལས་བྱེད་པ་བཟང་པོ་བདམས་པ་དང་བེད་སྤྱོད་བྱེད་དགོས།

    —— རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-08-08

    གྲོལ་མ་ཐག་པའི་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་ཐོག ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པ་ལག་བསྟར་གཏིང་ཟབ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་དོན་འཁྱོལ། རིམ་ཁག་འགོ་ཁྲིད་ཚན་ཁག་ལེགས་འདེམས་ཧྲག་སྒྲིག ལས་བྱེད་པའི་འཇོན་ཐང་འཕེལ་བར་ཕྱོགས་ཡོངས་ནས་ཤུགས་སྣོན། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་ཏན་ཏིག ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བཅས་ལ་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་ཏེ། ལྗོངས་ཡོངས་ཀྱི་རྩ་འཛུགས་ལས་དོན་ལ་བྱ་སྤྱོད་ཀྱི་རྩ་འཛིན་གཏན་འཁེལ་བྱས་ཡོད།

    ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་རྗེས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པའི“དམིགས་བསལ་བཞིའི”ཆབ་སྲིད་ཀྱི་བླང་བྱར་གཞིགས་ནས་འཇོན་ཐང་འཕེལ་བར་རྒྱུན་མཐུད་ཤུགས་སྣོན་བརྒྱབ་སྟེ། སྔར་བས་དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས་ལ་བརྟེན་ནས་ལས་སྒྲུབ་ལས་གཏོད་བྱས་ཏེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་རྗེས་གསར་པ་རྒྱུན་ཆད་མེད་པར་གཏོད་ཀྱི་ཡིན་ཞེས་མགྲིན་གཅིག་ཏུ་བརྗོད་པ་རེད།

    ཚང་འཛོམས་གྲོས་ཚོགས་ཐོག“མི་སྣ་བཀོལ་སྤྱོད་ཀྱི་སྟོན་ཕྱོགས་གསལ་པོ་སྔར་བས་འཛུགས་དགོས”ཞེས་བཏོན་ཡོད། ལས་བྱེད་པ་གནད་དུ་སྨིན་པ་བདམས་ནས་བེད་སྤྱོད་ཡག་པོ་ཇི་ལྟར་བྱེད་དགོས་སམ་ཞེ་ན། གཞི་རིམ་གྱི་འཐབ་ས་དང་པོར་སྐྱོད་པ་དང་། མང་ཚོགས་ཁྲོད་དུ་སྐྱོད་པ། དངོས་འཐབ་ཀྱི་གཡུལ་ས་མདུན་མར་སྐྱོད་པ་བཅས་བྱ་རྒྱུ་དེ་རེད།

    མངའ་རིས་ས་ཨུད་རྩ་འཛུགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་སྐལ་བཟང་གིས། སྒྱུར་བཅོས་ལ་དམ་འཛིན་དང་། འཕེལ་རྒྱས་ལ་སྐུལ་འདེད། བརྟན་ལྷིང་སྲུང་སྐྱོང་བཅས་ལ་མཁས་པའི་ལས་བྱེད་པ་བདམས་ནས་བེད་སྤྱོད་བྱེད་པ་དང་། རྩ་འཛུགས་ལམ་ཕྱོགས་ཀྱིས་ཆབ་སྲིད་ལམ་ཕྱོགས་ལ་ཞབས་འདེགས་མཐའ་འཁྱོངས་ཞུ་བ། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་ལ་རྒྱུན་མཐུད་ཞུན་བརྡར་སྤྲོས་པ། གཞི་རིམ་གྱི་འཐབ་འཛིང་གི་བཙན་རྫོང་བརྟན་དུ་གཏོང་བར་ཤུགས་སྣོན་རྒྱག་པ། ས་མཐོའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བར་དཀོན་པའི་ཤེས་ལྡན་པ་གནད་སྨིན་གཅིག་སྡུད་བཅས་བྱས་ཏེ། རྩ་འཛུགས་ཀྱི་ལེགས་ཆ་དང་ཤེས་ལྡན་པའི་ལེགས་ཆ་དེ་ཉིད་བཅོས་སྐྱོང་གི་ནུས་ཕྱོད་དང་འཕེལ་རྒྱས་ཀྱི་དངོས་ཕན་དུ་འགྱུར་བར་བྱེད་ཀྱི་ཡིན་ཞེས་བརྗོད།

    ཚང་འཛོམས་གྲོས་ཚོགས་ཐོག“ལས་བྱེད་པའི་ནུས་པ་དང་འཇོན་ཐང་ཆེ་རུ་གཏོང་བར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས”ཞེས་བླང་བྱ་བཏོན་ཡོད། “གྲི་རྣོ་པོ་བརྡར་ནས་བྱུང་། མི་འཇོན་པོ་སྦྱོང་བརྡར་སྤྲས་ནས་བྱུང”ཞེས་པའི་དཔེ་ལྟར། ནུས་པ་དང་འཇོན་ཐང་ངེས་པར་དུ་དངོས་སྒྲུབ་ཁྲོད་སྦྱོང་བརྡར་དང་ལག་ལེན་ཁྲོད་ཞུན་བརྡར་སྤྲོས་དགོས།

    རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གི་ཏང་ཙུའི་ཧྲུའུ་ཅི་ཀྲང་ཧུའེ་མིང་གིས། མང་ཚོགས་ལ་ཞབས་འདེགས་ཞུ་བའི་འཐབ་ས་མདུན་མར་ལས་བྱེད་པར་རྟོག་ཞིབ་དང་། གསོ་སྐྱོང་། གདམ་གསེས་བཅས་མཐའ་འཁྱོངས་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་ཏན་ཏིག་བཏང་བར་བརྟེན། “ཞིང་གསུམ”འཐབ་ཕྱོགས་ཀྱིས་གཞི་ནས་བརྩོན་ཕོད་པ་དང་དངོས་སྒྲུབ་འགན་འཁུར་ཕོད་པའི་ལས་བྱེད་པའི་དཔུང་ཁག་ཅིག་བཏོད་དེ་ལོ་སྟོད་ཀྱི་གཡུར་ཟའི་འཕེལ་རྒྱས་གྲུབ་འབྲས་ཏེ། དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང“ཞིང་གསུམ”ལས་དོན་གྱི་དམིགས་ཚད་གཉིས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པར་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད་ཅེས་བརྗོད།

    ཚང་འཛོམས་གྲོས་ཚོགས་ཐོག“སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས”ཞེས་ནན་བཤད་བྱས་ཡོད། དེའི་ཐད་ཀྲང་ཧུའེ་མིང་གིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཉམས་སད་ཐེག་ཐུབ་པའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་བརྟེན་ནས“ཞིང་གསུམ”ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་སྣེ་ཁྲིད་བྱེད་པ། ཞིང་དར་ཞིང་ཕན་དང་ཞིང་ཕྱུག་གི་སྲིད་ཇུས་ཁག་ཇི་མ་ཇི་བཞིན་དོན་འཁྱོལ་ཡག་པོ་བྱེད་པ། ཐབས་བརྒྱ་ཇུས་སྟོང་གིས་ཐབས་ལམ་ཡངས་སུ་བཏང་ནས་མང་ཚོགས་ལ་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རྒྱང་ལམ་གསར་པར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་སྐྲུན་པར་འབུལ་འོས་པའི་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་བརྗོད།

    སྒར་རྫོང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་སྒར་རྫོང་རྒྱལ་ཁབ་བདེ་འཇགས་ཐོན་སྐྱེད་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ནོར་འཛིན་བཟང་མོས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ས་ཁུལ་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱི་ཁྲིམས་སྒྱུར་ཁྲིམས་འཛིན་ཚད་ལྡན་ཅན་འཛུགས་སྐྱོང་གི“རལ་གྲི་རྣོན་པོའི་བྱ་སྤྱོད”དམ་འཛིན་བྱ་གཞིར་བྱས་ནས་ལས་བྱེད་པའི་དཔུང་ཁག་གིས་ལག་ལེན་ཁྲོད་ཆད་སྐྱོན་གསབ་རྒྱུར་ཁྲིད་སྟོན་བྱེད་པ་དང་ཕྱོགས་བསྡུས་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་གཞུང་དྲང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་དུས་རབས་གསར་པའི་སྲིད་ཁྲིམས་ཀྱི་དམག་ཧྲག་ཅིག་ཧུར་ཐག་གཏོད་ཀྱི་ཡིན་ཞེས་བརྗོད།

    ལས་འགན་ཕྲག་ཏུ་ཁུར་ནས་རྒྱང་ལམ་གསར་པར་སྐྱོད། གཞན་གྱིས་མ་སྐུལ་གོང་ནས་རང་འགུལ་ཡོང་བར་འབད། བརྟན་ལྷིང་སྲུང་སྐྱོང་གི་འཐབ་ས་མདུན་མ་ནས་འཕེལ་རྒྱས་ཀྱི་འཐབ་ས་མདུན་མའི་བར་དང་ལས་ཁུངས་དང་ཚན་པ་ནས་མཐའ་མཚམས་གྲོང་གསེབ་བར། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ་ལས་འགན་རེ་རེ་ཕྲག་ཐོག་ཏུ་འཁུར་བ་དང་འགན་འཁྲི་རེ་རེ་དོན་ཐོག་ཏུ་འཁྱོལ་བར་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་གྱི་བརྗིད་ཆེའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།