2026ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་བདུན་པའི་མཇུག་འགྲིལ་མཛད་སྒོ་དང་བྱ་དགའ་སྤྲོད་པའི་མཛད་སྒོ་གཞིས་རྩེ་གྲོང་ཁྱེར་དུ་འཚོགས་པ།
ཀའོ་ཀྲི་ཏན་དང་ཀརྨ་ཚེ་བརྟན་མཛད་སྒོར་ཞུགས་ནས་བྱ་དགའ་སྤྲད་པ།
ཚེས་6ཉིན། 2026ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་བདུན་པའི་མཇུག་འགྲིལ་མཛད་སྒོ་དང་བྱ་དགའ་སྤྲོད་པའི་མཛད་སྒོ་གཞིས་རྩེ་གྲོང་ཁྱེར་དུ་འཚོགས་པ་རེད། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་། ཅུས་ཀྲང་། སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཀའོ་ཀྲི་ཏན་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཀརྨ་ཚེ་བརྟན་མཇུག་འགྲིལ་མཛད་སྒོར་ཞུགས་ནས་བྱ་དགའ་ཐོབ་མཁན་བདམས་ཐོན་པར་བྱ་དགའ་སྤྲད་པ་རེད།
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་སྒྲིག་འཛུགས་ཨུ་ལྷན་གྱི་ལག་བསྟར་ཀྲུའུ་རེན་ལྕགས་རྭ་བློ་བཟང་བསྟན་འཛིན་གྱིས་བྱ་དགའ་ཐོབ་མཁན་བདམས་ཐོན་པར་བྱ་དགའ་སྤྲད་པ་རེད།
བྱ་དགའ་སྤྲོད་པའི་མཛད་སྒོ་འཚོག་ཡུལ་དུ་འཁྲུག་ཆ་དོད་ཅིང་། འགྲན་བསྡུར་གྱི་སྤྱི་ཁྱབ་ཤན་འབྱེད་པ་སི་ཝུའེ་ཐེ་ལན་ནཱ·ཏེ་ཉི་ཧྲེན་ཁོའོ་ཡིས་འགྲན་བསྡུར་གྱི་གྲུབ་འབྲས་ཁྱབ་བསྒྲགས་བྱས་རྗེས། བྱ་དགའ་ཐོབ་པའི་རྐང་འཁོར་རུ་ཁག་དང་མི་སྒེར་གྱིས་རིམ་པ་བཞིན་བྱ་དགའ་བླངས་པ་རེད།
ཧི་མ་ལ་ཡ་བརྒལ་བའི་རྐང་འཁོར་མཐར་ཟད་འགྲན་བསྡུར་ནི་རང་ལྗོངས་ཀྱིས་མིག་སྔར་གཉེར་བའི་གཞི་ཁྱོན་ཆེ་ཤོས་དང་རིམ་པ་མཐོ་ཤོས་ཀྱི་རྒྱལ་སྤྱི་རང་བཞིན་གྱི་རྐང་འཁོར་འགྲན་བསྡུར་ཞིག་རེད། སྐབས་འདིའི་འགྲན་བསྡུར་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལུས་རྩལ་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་བྱས་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་དང་། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་75འཁོར་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་ཕྱོགས་ཡོངས་ནས་མངོན་པར་བྱེད་པའི་སྐར་ཁུང་གལ་ཆེན་ཞིག ཀྲུང་གོ་དང་ཕྱི་རྒྱལ་གྱི་ལུས་རྩལ་སྤེལ་རེས་ཟབ་ཏུ་གཏོང་བ་དང་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་ཤུགས་ཆེ་རུ་གཏོང་བའི་སྒོ་དབྱེའི་ལས་སྟེགས་ཤིག མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་དང་འབད་འབུངས་སྟོབས་ཤུགས་གཅིག་ཏུ་སྒྲིལ་བའི་བསམ་པའི་སྒྲོག་ཐག་ཅིག་རེད་ལ། རིག་གནས་དང་། ལུས་རྩལ། ཡུལ་སྐོར། ཚོང་ལས་བཅས་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བ་དང་། ལུས་རྩལ་འགྲན་བསྡུར་གྱིས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ནུས་པ་འདོན་པ། ས་མཐོའི་ཕྱི་རོལ་ལུས་རྩལ་གྱི་ཁུལ་ཆེན་འཛུགས་སྐྲུན་ལ་རམ་འདེགས་བྱེད་པ་བཅས་ཀྱི་གཞི་རྟེན་གལ་ཆེན་ཞིག་ཀྱང་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། དུས་ཡུན་ཉིན་6གི་འགྲན་བསྡུར་བྱེད་རིང་། རྒྱལ་ཁབ་ཕྱི་ནང་གི་འགྲན་ཞུགས་རྐང་འཁོར་རུ་ཁག་18དང་ལུས་རྩལ་པ་120ལྷག་ཙམ་གྱིས་རྐང་འཁོར་བཏང་ནས་གངས་ལྗོངས་ཀྱི་འགྲན་ལམ་ལ་ཚད་འཇལ་བྱས་པ་དང་། རྔུལ་ཆུར་བརྟེན་ནས་ལུས་རྩལ་གྱི་སྙིང་སྟོབས་མཚོན་པར་བྱས་པ། སྔ་རྗེས་སུ་ཉིང་ཁྲི་དང་། ལྷ་ས། ལྷོ་ཁ། གཞིས་རྩེ་བཅས་འགྲན་དུམ་གྱི་འགྲན་བསྡུར་ལེགས་སྒྲུབ་བྱས་པ། རྐང་འཁོར་བཞོན་པའི་སྤྱིའི་ལམ་ཐག་སྤྱི་ལེ་570.68ཙམ་ཟིན་པ་བཅས་ལས་ལྗོངས་ཕྱི་ནང་གི་ལྟད་མོ་བར་མྱུར་ཚད་དང་སེམས་ཤུགས་མཉམ་འདྲེས་དང་མཛའ་གྲོགས་དང་འབད་འཐབ་མཉམ་འདྲེས་ཀྱི་ས་མཐོའི་ལུས་རྩལ་གྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད། དེ་དང་ཆབས་ཅིག ངོ་མཚར་ཆེ་བའི་འགྲན་བསྡུར་དེས་མི་དེ་བས་མང་བས་རྐང་འཁོར་ལུས་རྩལ་ལ་བརྟེན་ནས་བོད་ཀྱི་རང་བྱུང་མཛེས་ལྗོངས་དང་། རིག་གནས་ཀྱི་ཉམས་འགྱུར། འཕེལ་རྒྱས་ཀྱི་ལེགས་ཆ་བཅས་ཉམས་སུ་མྱོང་ཐུབ་པ་མ་ཟད། ཀྲུང་གོའི་བོད་ཀྱི་གཏམ་རྒྱུད་སྔར་བས་ཡག་པོ་ཤོད་པ་དང་། ཀྲུང་གོའི་བོད་ཀྱི་གསུང་སྒྲ་བརྒྱུད་བསྒྲགས་བྱེད་པ། ཀྲུང་གོའི་བོད་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་པ་བཅས་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།