དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རེན་ཝེ་ཡིས་ལྗོངས་ཡོངས་ཀྱི་ས་གཤིས་གནོད་འཚེ་འགོག་བཅོས་ཀྱི་བརྙན་ལམ་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-08-03

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་ཡིས་ལྗོངས་ཡོངས་ཀྱི་ས་གཤིས་གནོད་འཚེ་འགོག་བཅོས་ཀྱི་བརྙན་ལམ་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་སྟེ། གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གུད་སྐྱོབ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ཉེ་དུས་ཀྱི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ནས། ལྗོངས་ཡོངས་ཀྱི་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་ཚུལ་གསན་པ་མ་ཟད། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ས་གཤིས་གནོད་འཚེ་འགོག་ཟོན་དང་ཁ་གཏད་གཅོག་པའི་ལས་དོན་བཀོད་སྒྲིག་གནང་བ་རེད།

    རེན་ཝེ་ཡིས་ནན་བཤད་གནང་དོན། ས་གནས་ཁག་དང་སྡེ་ཚན་ཁག་གིས་འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་པ་དང་ས་གཤིས་གནོད་འཚེ་འགོག་ཟོན་དང་ཁ་གཏད་གཅོག་པའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ཏེ། གནོད་འཚེ་ཐོན་ས་ཚང་མར་དོ་དམ་བྱེད་མཁན་ཡོད་པ་དང་འགོག་ཟོན་བྱེད་མཁན་ཡོད་པར་བྱེད་དགོས། ལས་ཀའི་མ་ལག་ཁ་གསལ་བཟོས་ཏེ་གཞི་རིམ་གྱི་དྲ་མིག་པ་དང་། མཉམ་དཔྱད་མཉམ་འགོག་པ། གནོད་འཚེའི་ཆ་འཕྲིན་པ་སོགས་ཀྱི་སྟོབས་ཤུགས་སྤྱི་འདོམས་བྱེད་པ་དང་། རྩལ་བརྟེན་སྔོན་འགོག་གི་བྱེད་ཐབས་ལ་བརྟེན་ནས་གཙོ་གནད་ལ་དམ་འཛིན་དང་མི་བརྟེན་སྔོན་འགོག་གི་བྱེད་ཐབས་ལ་བརྟེན་ནས་མཐའ་ཚད་བསྲུངས་ཏེ། མཉམ་འགོག་མཉམ་བཅོས་བྱེད་པའི་མི་དམངས་ཀྱི་འགོག་སྲུང་འཛིང་རགས་སྐྲུན་དགོས། མངོན་མེད་རྐྱེན་ངན་སེལ་ཤུགས་ཆེ་རུ་གཏོང་བ་དང་། མི་འབོར་མང་བའི་ཁུལ་དང་སྒྲིག་བཀོད་གལ་ཆེན་ལ་དམིགས་ནས་ཚན་རིག་དང་མཐུན་པའི་བཅོས་སྐྱོང་བྱེད་ཐབས་སྤྱད་དེ། འབྱུང་རྩ་ནས་ཉེན་ཁའི་མངོན་མེད་རྐྱེན་ངན་ཚབས་ཆེན་རིགས་སེལ་དགོས།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།