དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་སྟེ་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-08-03

    ● ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་དུས་བབ་ལ་སྟངས་འཛིན་དང་། འཕེལ་རྒྱས་ཀྱི་གདེང་ཚོད་ཆེར་གཏོང་། ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་མངོན་འགྱུར་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་པར་སྐུལ་འདེད་གཏོང་དགོས།

    ཟླ་7ཚེས་30ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་སྟེ། ལྗོངས་ཡོངས་ཀྱི་ལོ་སྟོད་ཀྱི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་དང་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།

    ཚོགས་འདུར་ངོས་འཛིན་བྱས་དོན། ད་ལོའི་ལོ་སྟོད་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་ཀྱིས་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་ལག་ལེན་ཧུར་ཐག་བསྟར་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱས་ཏེ། སྤྱི་ཚོགས་བརྟན་ལྷིང་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་ཐོག དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་བཏང་བར། དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་མང་པོའི་འཕར་ཚད་མུ་མཐུད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཤིང་། དེའི་ནང་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དུས་མཚུངས་ལས་6.3%འཕར་བ་དང་། གཞི་ཁྱོན་ཆེ་བའི་བཟོ་ལས་ཀྱི་འཕར་ཐང་20.9%འཕར་བ། མི་ཡོངས་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི། གྲོང་གསེབ་ཀྱི་ཡུལ་མི་བཅས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་7.8%དང་། 6.6% 8.0%སོ་སོར་འཕར་ཡོད། ད་ཆའི་བོད་དུ་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་མགྱོགས་ཙམ་འགྲོ་བའི་དུས་མཚམས་སུ་སླེབས་པ་དང་། དཔལ་འབྱོར་གྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། འཕེལ་རྒྱས་ཀྱི་སྤུས་ཕན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། འཕེལ་རྒྱས་ཀྱི་སྒུལ་ཤུགས་དེ་བས་ཆེ་རུ་ཕྱིན་པ། འཕེལ་རྒྱས་ཀྱི་གསོན་ཤུགས་འདོན་སྤེལ་གང་ལེགས་ཐུབ་པ། ལས་བྱེད་པས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་ལ་དོ་དམ་བྱེད་པའི་འཇོན་ཐང་དང་ཆུ་ཚད་ཉིན་བཞིན་ཆེ་རུ་ཕྱིན་པ། དམངས་འཚོའི་བདེ་རྩ་ཆེ་རུ་བརྟན་པོ་ཕྱིན་པ། མི་རིགས་ཁག་གི་མང་ཚོགས་ཀྱིས་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་དང་། ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་སོང་བ་བཅས་བྱུང་ནས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་བོད་ཀྱི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། གྲུབ་འབྲས་དེ་འདྲ་ཐོབ་དོན་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་སྒོ་ནས་མཛུབ་ཁྲིད་བྱས་པའི་འབྲས་བུ་དང་། ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱས་པ། ལས་དོན་ལ་སྐུལ་འདེད་བཏང་བ་བཅས་ཀྱི་འབྲས་བུ་ཡིན་ལ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་ཧུར་ཐག་འབད་ཐག་བྱས་པའི་འབྲས་བུ་དེ་བས་ཀྱང་རེད། གྲུབ་འབྲས་མཐོང་བ་དང་ཆབས་ཅིག བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཁྲོད་དུ་ད་དུང་སྤྱི་ཁོག་དཔལ་འབྱོར་གྱི་ཁོར་ཡུག་ཛ་དྲག་ལ་རྙོག་འཛིང་ཆེ་བ་དང་། བྱེ་བྲག་གཉེར་སྐྱོང་ནུས་པའི་འདེགས་སྐྱོར་མི་འདང་བ། ཚོང་གཉེར་ཁོར་ཡུག་དེ་བས་ལེགས་སུ་གཏོང་དགོས་པ་སོགས་ཀྱི་གནད་དོན་སྔར་བཞིན་ཡོད་པ་ང་ཚོས་རིག་པ་དྭངས་གསལ་སྒོ་ནས་ངོས་འཛིན་ཐུབ་པར་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། དུས་བབ་ལ་ཚན་རིག་དང་མཐུན་པའི་བརྡར་གཅོད་གནད་སྨིན་བྱེད་པ། ཉམས་མྱོང་ཕྱོགས་སྡོམ་དང་ཆོས་ཉིད་ཁོང་དུ་ཆུད་པ་བཅས་བྱས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞི་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དེ་ཡུན་རིང་གི་ལས་འགན་དང་བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ། ཆབ་སྲིད་ཀྱི་མཐོ་ཚད་ནས་དཔལ་འབྱོར་ལས་དོན་ལ་བསམ་གཞིག་དང་དཔལ་འབྱོར་ལས་དོན་ལ་སྐུལ་འདེད་གཏོང་མཁས་པོ་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གདེང་ཚོད་དང་ཆོད་སེམས་ཆེ་རུ་གཏོང་བ། གོ་སྐབས་དང་ལེགས་ཆ་སྣ་ཚོགས་ཡག་པོ་སྤྱོད་པ། ལོ་ཧྲིལ་པོའི་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ལེགས་གྲུབ་ཡོང་བར་འགན་ལེན་བྱེད་པ་བཅས་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕན་འབྲས་དངོས་ལ་བརྟེན་ནས་བློ་བརྟན་འགྱུར་མེད་ངང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་ཏེ“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་བྱེད་པ་དང་། དུས་རབས་གསར་པར་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཟབ་ཏུ་གཏོང་བ། ཞབས་ཞུ་དེ་འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ནང་མཉམ་འདྲེས་བྱེད་པའི་འཇུག་སྒོ་ཡང་དག་འཚོལ་བ། ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ། འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བ་དང་སྤྱི་ཚོགས་ཀྱི་གསོན་ཤུགས་འཕེལ་བ་བཅས་བྱས་ཏེ། དཔལ་འབྱོར་གསར་ཞིང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་རྒྱུན་མཐུད་གཏོང་དགོས། གོ་ཆོད་མ་འཇོག་བྱེད་རྒྱ་ཆེ་རུ་ཧུར་ཐག་བཏང་ནས་བོད་ཀྱི་མ་འཇོག་སྐུལ་ཁྲིད་རྣམ་པའི་དཔལ་འབྱོར་གྱི་གནས་ཚུལ་ལ་གཞི་ཚུགས་པ་དང་། རྣམ་གྲངས་ནི་གནས་དང་། ཐོན་ལས་ནི་ཐིག དཔལ་འབྱོར་ནི་ངོས་བཅས་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ། ཕུགས་ཀྱི་བསམ་གཞིག་ལ་བརྟེན་ནས་རྒྱལ་ཁབ་ཀྱི་རྣམ་གྲངས་གལ་ཆེན་ལག་བསྟར་བྱེད་པར་ནུས་ཤུགས་ཡོད་རྒུས་འགན་སྲུང་བཅས་བྱས་ཏེ་དཔལ་འབྱོར་གྱི་རྨང་གཞི་བརྟན་དུ་ཏན་ཏིག་གཏོང་དགོས། དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་བཙུགས་ནས་ཡུལ་བབ་དང་བསྟུན་ཏེ་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་དང་། ས་མཐོའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་སྐྱེད་སྲིང་ཧུར་ཐག་བྱེད་པ། སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་རིམ་སྤོར་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་ཆེ་རུ་གཏོང་དགོས། ཞབས་ཞུའི་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་འབབ་འཕར་འཆར་གཞི་དང་འཛད་སྤྱོད་སྐུལ་སྤེལ་བྱ་སྤྱོད་ལག་བསྟར་ཤུགས་ཆེན་བྱེད་པ་དང་། སྤུས་ལེགས་མཁོ་སྤྲོད་བྱེད་རྒྱ་ཆེ་རུ་གཏོང་བ་དང་འཛད་སྤྱོད་ཁོར་ཡུག་ལེགས་སུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་འཛད་སྤྱོད་རྒྱུན་མཐུད་འཕར་བ་དང་ཤོང་སྐྱེད་སྤུས་སྤོར་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། སྒྱུར་བཅོས་སྒོ་དབྱེ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ནས་དུས་བསྟུན་མདུན་སྐྱོད་ཀྱི་འདུ་ཤེས་གསར་བརྗེས་བྱེད་པ་དང་། དེ་བས་དངོས་སྒྲུབ་ཀྱི་བྱེད་ཐབས་ལ་བརྟེན་ནས་ཆུ་ཚད་མཐོ་བའི་སྒོ་དབྱེ་རྒྱ་ཆེར་གཏོང་བ། རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་ཆེན་པོའི་ནང་ཧུར་ཐག་ཞུགས་པ་བཅས་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ལ་མིག་སྔར་གསོན་ཤུགས་ལྡན་པ་དང་འབྱུང་འགྱུར་ལ་གཏིང་ཤུགས་ལྡན་པར་འགན་ལེན་བྱེད་དགོས། དམངས་འཚོའི་བདེ་རྩ་སྔར་བས་ཆེ་རུ་བཏང་ནས་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་ལས་དོན་གྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་བ་དང་།“དམངས་འཚོའི་འདུ་འགོད་ཆེན་པོ་བཅུ”མུ་མཐུད་ལག་བསྟར་བྱེད་པ། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་སེམས་ནུས་ཡོད་རྒུས་ཐག་གཅོད་བཅས་བྱས་ཏེ་བོད་དུ་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ཡག་པོ་བསྒྲུབས་ནས་སྐྱེ་ཁམས་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་འབྱོར་ཕྱུག སྐྱེ་ཁམས་བཟང་བ་བཅས་ཀྱི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་དང་། ཁྲིམས་ལྟར་བོད་སྐྱོང་གི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དོན་འཁྱོལ་ནན་པོ་བཅས་བྱས་ཏེ་མཐུན་སྒྲིལ་བརྟན་ལྷིང་གི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་རྣམ་པ་སྲ་བརྟན་དུ་གཏོང་བར་ཤུགས་སྣོན་རྒྱག་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གིས་དཔལ་འབྱོར་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་བར་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་བྱེད་དགོས། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ་རང་རྟོགས་ངང་བོད་ཀྱི་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ཁྲོད་དུ་བཞག་ནས་བསམ་གཞིག་ཇུས་འགོད་བྱེད་པ་དང་སྐུལ་འདེད་བཏང་སྟེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱེད་དགོས། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། ལས་བྱེད་པས་ཐེག་པ་ཁུར་ལེན་དང་ལས་སྒྲུབ་ལས་གཏོད་བྱེད་པར་སྐུལ་ལྕག་གཏོང་བ། ལེགས་ཆ་སྲ་བརྟན་དང་ཞན་ཆ་སེལ་བ་བཅས་བྱས་ཏེ་རིམ་པ་བཞིན་ལས་དོན་ཁག་ལ་སྐུལ་འདེད་གཏོང་དགོས།

    ཚོགས་འདུའི་ཐོག ཟླ་8ཚེས་3ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་འཚོག་རྒྱུའི་གཏན་འབེབས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།