2026ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་བདུན་པ་ལྷ་སར་འགོ་ཚུགས་པ།
ཝང་ཅུན་ཀྲེང་འགོ་ཚུགས་མཛད་སྒོར་ཕེབས་ནས་འགྲན་བསྡུར་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ།

ཟླ་8ཚེས་1ཉིན་གྱི་སྔ་དྲོར། 2026ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་བདུན་པའི་འགོ་ཚུགས་མཛད་སྒོ་ལྷ་སའི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་འགོ་ཚུགས་མཛད་སྒོར་ཕེབས་ནས་འགྲན་བསྡུར་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ།
ཟླ་8ཚེས་1ཉིན་གྱི་སྔ་དྲོར། 2026ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་བདུན་པའི་འགོ་ཚུགས་མཛད་སྒོ་ལྷ་སའི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་འགོ་ཚུགས་མཛད་སྒོར་ཕེབས་ནས་འགྲན་བསྡུར་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད།
ཟླ་བརྒྱད་པའི་གངས་ལྗོངས་ས་མཐོར་སྐལ་བཟང་མེ་ཏོག་རབ་ཏུ་བཞད་ཅིང་། གང་སར་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བ་དང་། མཛེས་རྒྱན་སྤྲས་ཏེ་རྣམ་པ་གསར་རྐྱང་དུ་གྱུར་པའི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་འཁྲུག་ཆ་ཤིན་ཏུ་དོད། ཆུ་ཚོད་10པ་ཏག་ཏག་ལ། འགོ་ཚུགས་མཛད་སྒོ་དངོས་སུ་འགོ་ཚུགས་ཤིང་། འགྲན་ཞུགས་རྐང་འཁོར་རུ་ཁག་18ཀྱི་རུ་མིའི་འཐུས་མིས་སྔ་རྗེས་སུ་གར་སྟེགས་གཙོ་བོའི་ཐོག་འཛེགས་ནས་དཔའ་ངར་ཆེར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་ངོམས་པར། ས་གནས་ས་ཐོག་གི་ལྟད་མོ་བའི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་པ་རེད། ཆུ་ཚོད་10དང་སྐར་མ་30ཡོལ་ཙམ་ལ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་2026ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་བདུན་པ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་མ་ཐག་འགོ་ཚུགས་མཛད་སྒོ་འཚོག་ཡུལ་ནས་ཐལ་མོའི་རྡེབ་སྒྲ་གྲགས།
དེ་རྗེས་ལྟད་མོ་ཆེ་བའི་རིག་རྩལ་འཁྲབ་སྟོན་བྱེད་འགོ་ཚུགས་ཤིང་། སྤྲོ་སེམས་འཁོལ་བའི་གླུ་གར《ཁ་བཏགས་འཁྱེར་ནས་འགྲན་བསྡུར་གཟབ་རྒྱས་ལ་བསུ་བ་ཞུ》ཞེས་པ་ལས་གངས་ལྗོངས་ས་མཐོའི་སྒོ་དབྱེ་བསྟུན་མཁས་ཀྱི་དུས་རབས་ཀྱི་ཉམས་འགྱུར་མངོན་པ་དང་། གླུ་གཞས《སྤྲིན་སྣེའི་འགྲན་བསྡུར་ཆེན་པོ》ཞེས་པར་རོལ་ཆ་རུ་ཁག་གི་དཀྲོལ་གཏོང་དང་འཁྲབ་སྟོན་གཞི་གཅིག་ཏུ་འདྲེས་ནས་ས་མཐོའི་འགྲན་རའི་མྱུར་ཚད་དང་སྤྲོ་སེམས་མངོན་པ། འཁྲུག་ཆ་དོད་པའི་ཞབས་བྲོ《བཀྲ་ཤིས་ཞབས་བྲོ》དང་ཉམས་དང་ལྡན་པའི་གཞས་ཆེན《བཀྲ་ཤིས་ཁ་གཡང》ཞེས་པ་ལས་བོད་ཀྱི་སྲོལ་རྒྱུན་སྒྱུ་རྩལ་གྱི་ཐུན་མིན་ཡིད་དབང་འཕྲོག་ཤུགས་མངོན་པ། མཇུག་འགྲིལ་གླུ་གར《ལྷ་སར་ལྷན་འཛོམས》ཞེས་པ་འཁྲུག་ཆ་དོད་ལ་རྣ་བར་སྙན་ཞིང་། གངས་ལྗོངས་བུ་ཕྲུག་ཚོས་ལག་ཏུ་ཁ་བཏགས་ཁྱེར་ནས་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྐུ་མགྲོན་ལ་བསུ་བ་ཞུས་པ་བཅས། མཛད་སྒོའི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པོ་ཡོད་པ་རེད།
རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཅིང་དང་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ཐའེ་ཀྲང་གཞོན་པ་ཡུས་ཅུན་ཧྲེང་ཕེབས་ནས་ཤིས་ཚིག་གསུངས་པ་དང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཟླ་བ་ཚེ་རིང་དང་། ཀུང་ཧུའེ་ཚའེ། སུན་ཤན་ཀྲུང་། མོང་ཞའོ་ལིན་བཅས་ཞུགས་པ། ལྕགས་རྭ་བློ་བཟང་བསྟན་འཛིན་གྱིས་ཤིས་ཚིག་གསུངས་པ་རེད།
སྐབས་འདིའི་འགྲན་བསྡུར་གྱི་དུས་ཡུན་ཉིན་དྲུག་ཡིན་ཞིང་། ཁྱོན་འགྲན་དུམ་5བཀོད་སྒྲིག་བྱས་པར་ཉིང་ཁྲི་དང་། ལྷ་ས། ལྷོ་ཁ། གཞིས་རྩེ་སོགས་བརྒྱུད་དགོས། འགྲན་བསྡུར་གྱིས“ཨེ་ཤེ་ཡ་ལྷོ་མའི་བགྲོད་ལམ་ཆེན་པོར་ཕྱོགས་པ་དང་། ‘རྒྱུད་གཅིག་ལམ་གཅིག’དང་འབྲེལ་མཐུད། ལུས་རྩལ་ཡུལ་སྐོར་འཕེལ་རྒྱས། ཕྱོགས་ཐོན་ཁུལ་ཆེན་འཛུགས་སྐྱོང”བཅས་བརྗོད་དོན་གཙོ་བོར་བྱས་པ་དང་། “གཞུང་ལམ་ཡག་ཤོས་སུ་རྐང་འཁོར་བཞོན་པ་དང་ཧི་མ་ལ་ཡར་དགའ་ཞེན་བྱེད་པ”འབོད་ཚིག་ཏུ་བྱས་པ། སྟབས་བདེ་དང་། བདེ་འཇགས། ལྟད་མོ་ཆེ་བ་བཅས་ཀྱི་འགྲན་བསྡུར་གཉེར་བའི་དམིགས་ཡུལ་མཐའ་འཁྱོངས་བྱས་ཏེ། “ལུས་རྩལ་འགྲན་བསྡུར་དུས་ཚིགས”སྐབས་དང་པོའི་བྱེད་སྒོ་གཏིང་ཟབ་སྤེལ་བར་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། རིག་གནས་དང་། ལུས་རྩལ། ཡུལ་སྐོར། ཚོང་ལས་སོགས་ཀྱི་མཉམ་འདྲེས་ལས་རྣམ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་བ། ལུས་རྩལ་འཛད་སྤྱོད་ཀྱི་མངོན་མེད་སྟོབས་ཤུགས་འདོན་གང་ཐུབ་བྱས་ནས་ལྗོངས་ཡོངས་ཀྱི་ལུས་རྩལ་ཐོན་ལས་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།