རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་བཞི་པ་གྲོལ་བ།
ཡན་ཅིན་ཧའེ་ཡིས་གཙོ་སྐྱོང་གནང་བ།
ཚེས་30ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་བཞི་པ་ལྷ་སར་གྲོལ་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཡན་ཅིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
རྒྱུན་ལས་ཨུ་ལྷན་གྱི་གྲུབ་ཆའི་མི་སྣ་46ཚོགས་འདུར་ཞུགས་པ་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཤའོ་ཡིའུ་ཚའེ་དང་། བསམ་སྡིངས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན། འཇམ་དཔལ། ཀྲང་ཧུང་པོ། ཐང་མིང་དབྱིན། ལི་ཝུན་ཀེ སུན་ཤན་ཀྲུང་བཅས་དང་དྲུང་ཆེ་ལིའུ་ཀོང་ཤུས་ཚོགས་འདུར་ཞུགས་ཡོད་པ་རེད།
ཚོགས་འདུའི་ཐོག《བོད་རང་སྐྱོང་ལྗོངས་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་སྲོལ་ཡིག》དང《བོད་རང་སྐྱོང་ལྗོངས་བཟོ་ཚོགས་ཀྱི་ངལ་རྩོལ་བཅའ་ཁྲིམས་ལྟ་སྐུལ་སྲོལ་ཡིག》ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་།《ཆབ་མདོ་གྲོང་ཁྱེར་གྱི་གསར་བརྗེའི་ཐོན་ཁུངས་སྲུང་སྐྱོང་དང་རྒྱུན་འཛིན་སྲོལ་ཡིག》ལ་ཆོག་མཆན་སྤྲད་པ། 2025ལོའི་རང་སྐྱོང་ལྗོངས་ཀྱི་རིམ་པ་འདི་གའི་ངེས་རྩིས་ལ་ཆོག་མཆན་སྤྲད་པ་རེད།
ཚོགས་འདུའི་ཐོག་མི་དོན་བསྐོ་འཐེན་གྱི་དོན་ཚན་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ལོ་འཁོར་གྱི་དམིགས་ཚད་ལས་འགན་ཁག་ལ་དམིགས་ནས་ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དགོས། “གཙོ་གནད་གཉིས་དང་འཆར་གཞི་གསུམ”ལ་ལྟ་བསྡུར་མུ་མཐུད་བྱས་ནས་དོན་ཚན་རེ་རེ་བཞིན་གསེད་བཀྲོལ་རྩིས་བཤེར་དང་ཚང་བཤེར་ཆད་གསབ་བྱས་ཏེ་དམིགས་ཚད་ལྷུག་ཏུ་མི་གཏོང་བ་དང་། ཤུགས་ཚད་ཆུང་དུ་མི་གཏོང་བ། ཚད་གཞི་དམའ་རུ་མི་གཏོང་བ་བཅས་མཐའ་འཁྱོངས་ཀྱིས་ལས་ཀའི་འགན་འཁྲི་ནན་དུ་གཏོང་བ་དང་གཙོ་གནད་ལས་དོན་ལ་སྤྱི་འདོམས་སྒོས་དམ་འཛིན་ཡག་པོ་བྱས་ཏེ། ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ཁག་ལེགས་སྒྲུབ་ཕུན་སུམ་ཚོགས་པོ་ཐུབ་པའི་འགན་ལེན་བྱས་ནས། རང་ལྗོངས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་ཆེད་མི་དམངས་འཐུས་ཚོགས་ཀྱི་ལེགས་སྐྱེས་འབུལ་དགོས། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུར་དམིགས་ནས་རྒྱུན་རྣམ་དང་ཕུགས་ཕན་ལ་སྐུལ་འདེད་གཏོང་དགོས། “སྤྱི་དོན་དུ་ཏང་འཛུགས་པ་དང་། དམངས་ལ་བདེ་སྐྱིད་སྐྲུན་པ། ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་པ། དངོས་འཛིན་དངོས་སྒྲུབ”བཅས་ཀྱི་སྤྱིའི་བླང་བྱ་མུ་མཐུད་བློ་ལ་བརྟན་པོར་ངེས་པ་དང་། བསམ་བློའི“གཅུས་སྒོ་ཨ་མ”དམ་དུ་རྒྱུན་མཐུད་གཏོང་བ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོའི་ཁྲོད་དག་ཐེར་ལེགས་འགྲུབ་བྱུང་མེད་པའི་གནད་དོན་ལ་དམ་པོར་དམིགས་པ་དང་དམ་འཛིན་མཐར་ཕྱིན་བྱེད་པ་དང་། དག་ཐེར་ལེགས་བཅོས་གནད་འཁེལ་བྱུང་བའི་གྲུབ་འབྲས་རྒྱུན་རྣམ་ཅན་གྱི་སྒོ་ནས་སྲ་བརྟན་དུ་གཏོང་བ་དང་བསྐྱར་ལོག་བྱ་རྒྱུ་སྔོན་འགོག་བྱས་ཏེ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བས་ལས་དོན་ཁག་སྔར་བས་སྤུས་འབྲས་ལེགས་གཉེར་ཡོང་བར་ཁྲིད་སྟོན་བྱེད་དགོས། འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུར་དམིགས་ནས་ཞབས་ཞུ་འགན་ལེན་ཡག་པོ་བྱེད་དགོས། ལྗོངས་ཡོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ལས་དོན་ཚོགས་འདུ་དང་ལྷག་པར་དུ་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་འཐུས་མིའི་བྱེད་པོའི་གནས་བབ་མཐའ་འཁྱོངས་དང་། དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ལས་དོན་ཡག་པོ་སྒྲུབ་པ། མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ཁྲིམས་ལྟར་དབང་ཆ་སྤྱོད་པ་དང་། འོས་འགན་ཏན་ཏིག་སྒྲུབ་པ། ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་བཅས་ལ་རྒྱབ་སྐྱོར་དང་འགན་ལེན་བྱས་ཏེ། རིམ་ཁག་འཐུས་མི་ཚོས་ཏང་དང་སྲིད་གཞུང་གིས་མི་དམངས་མང་ཚོགས་དང་འབྲེལ་བ་བྱེད་པའི་འབྲེལ་ཟམ་ཡག་པོ་ཞིག་བྱ་རྒྱུར་སྐུལ་འདེད་གཏོང་དགོས།
འབྲེལ་ཡོད་གསར་འགྱུར།