དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>རེན་ཝེ།
  • 2026ལོའི་ཀྲུང་གོའི་ཐོན་ལས་ཕྱོགས་སྒྱུར་འཕེལ་རྒྱས་ཀྱི་འབྲེལ་མཐུད་བྱེད་སྒོ(བོད་ལྗོངས)ལྷ་སར་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-31

    ཚེས་29ཉིན་བཟོ་འཕྲིན་པུའུ་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་མཉམ་དུ་གཙོ་གཉེར་བྱས་པའི“འཐབ་ཇུས་ཀྱི་གོ་སྐབས་གསར་པ་མཉམ་སྤྱོད་ཀྱིས་འཕེལ་རྒྱས་ཀྱི་ལེའུ་གསར་མཉམ་དུ་རྩོམ”ཞེས་པའི་བརྗོད་དོན་གཙོ་བོའི་2026ལོའི་ཀྲུང་གོའི་ཐོན་ལས་ཕྱོགས་སྒྱུར་འཕེལ་རྒྱས་ཀྱི་འབྲེལ་མཐུད་བྱེད་སྒོ(བོད་ལྗོངས)ལྷ་སར་གཉེར་བ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་དང་བཟོ་འཕྲིན་པུའི་ཏང་ཙུའི་ཁོངས་མི་དང་པུའུ་ཀྲང་གཞོན་པ་ཞེ་ཡོན་ཧྲེང་འགོ་ཚུགས་མཛད་སྒོར་ཞུགས་ནས་ཤིས་ཚིག་གསུངས་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཝུའེ་ཤིའུ་ཁྲང་གིས་ཐོན་ལས་འོས་སྦྱོར་གནང་བ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ལི་དང་ཀྲའོ་ཕེང་། དེ་བཞིན་ཚན་ཞིབ་ཁང་དང་སུའོ་ཡི་རིགས་གཅིག་མཁས་ཅན་དང་ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་བཅས་བྱེད་སྒོར་ཕེབས་པ་རེད།

    རེན་ཝེ་ཡིས་ཤིས་ཚིག་སྒྲོན་སྐབས། མིག་སྔར་བོད་འདི་ཉིད་འཕེལ་རྒྱས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་ཡོད་པས། ཕྱོགས་ཁག་གི་ཁེ་ལས་ཀྱིས་བོད་དུ་ཐོན་ལས་འཕེལ་རྒྱས་གཏོང་བར་ཐོབ་པར་དཀའ་བའི་ལོ་རྒྱུས་ཀྱི་གོ་སྐབས་མཁོ་འདོན་བྱས་ཡོད། ད་ཐེངས་ཀྱི་ཐོན་ལས་ཕྱོགས་སྒྱུར་འཕེལ་རྒྱས་ཀྱི་འབྲེལ་མཐུད་བྱེད་སྒོས་ལྗོངས་ཡོངས་ཀྱི་ཐོན་ལས་ཕྱིར་ཕྱོགས་ཚད་དང་སྒོ་དབྱེའི་རང་བཞིན་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་རྩོམ་པར་སྒུལ་ཤུགས་ཆེན་པོ་སྣོན་ངེས་རེད་ཅེས་གསུངས་པ་རེད།

    ཞེ་ཡོན་ཧྲེང་གིས་ཤིས་ཚིག་སྒྲོན་སྐབས། རྒྱལ་ནང་དུ་བརྒྱུད་རིམ་ལྡན་པའི་ངང་ཐོན་ལས་ཕྱོགས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཐོན་སྐྱེད་ནུས་ཤུགས་ཀྱི་བར་མཐོངས་བཀོད་པ་ལེགས་སུ་གཏོང་རྒྱུ་ནི་བཟོ་ལས་ཅན་གསར་པར་སྐུལ་འདེད་གཏོང་བའི་ལས་འགན་གལ་ཆེན་ཞིག་རེད། བོད་ཀྱི་ཐོན་ལས་འཕེལ་རྒྱས་ལ་མདུན་ལམ་ཆེན་པོ་ལྡན་ཡོད། ད་ཐེངས་ཀྱི་བྱེད་སྒོས་ཕྱོགས་ཁག་ལ་འབྲེལ་གཏུག་སྤེལ་རེས་ཀྱི་ལས་སྟེགས་གལ་ཆེན་བསྐྲུན་ཡོད་པས་ཚང་མས་ལས་སྟེགས་འདི་གང་ལེགས་སྤྱད་དེ་སྤེལ་རེས་ལ་ཤུགས་སྣོན་དང་། གོ་སྐབས་ལ་དམ་འཛིན། མཉམ་ལས་གཏིང་ཟབ་བཅས་བྱས་ཏེ་བོད་ཀྱིས་ཡུལ་བབ་དང་བསྟུན་ནས་ས་མཐོའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་པར་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འབྲེལ་མཐུད་བྱེད་སྒོར་ཁྱོན་རྣམ་གྲངས་82བསྡུ་རུབ་བྱས་པར་མ་དངུལ་བསྡོམས་སྒོར་དུང་ཕྱུར་600ཙམ་བཏང་ཡོད། ཚོགས་འདུའི་ཐོག་རྣམ་གྲངས་20ལ་གཅིག་སྡུད་གན་རྒྱ་བཞག་པའི་ནང་ལས་གྲྭའི་སྒྲིག་ཆས་གལ་ཆེན་དང་། ནུས་རྒྱུ་གཙང་མ། ཐོན་ཁུངས་ལས་སྣོན་སོགས་ཀྱི་ཁྱབ་ཁོངས་ཚུད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།