དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • རྒྱལ་ཡོངས་དམངས་སྲིད་ཁོངས་གཏོགས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་སྐུལ་སྤེལ་ཚོགས་འདུ་ཐེངས་བཞི་པ་འཚོགས་པ།

    ཝང་ཅུན་ཀྲེང་དང་ལི་ཁྲང་ཀོན་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-30

    ཟླ་7ཚེས་27ཉིན། རྒྱལ་ཡོངས་དམངས་སྲིད་ཁོངས་གཏོགས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་སྐུལ་སྤེལ་ཚོགས་འདུ་ཐེངས་བཞི་པ་ལྷ་སར་འཚོགས་ཤིང་། འདི་ནི་ཚོགས་ར་ཡིན་པ།

    ཟླ་7ཚེས་27ཉིན། རྒྱལ་ཡོངས་དམངས་སྲིད་ཁོངས་གཏོགས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་སྐུལ་སྤེལ་ཚོགས་འདུ་ཐེངས་བཞི་པ་ལྷ་སར་འཚོགས་ཤིང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་དམངས་སྲིད་པུའི་ཏང་ཙུའི་ཧྲུའུ་ཅི་ལི་ཁྲང་ཀོན་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་དམངས་སྲིད་པུས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་སྟེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་གནང་བ་མ་ཟད། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞི་ཁ་གསལ་བཏོན་གནང་བ་དང་འབྲེལ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་དམིགས་ཚད་ཀྱང་བཏོན་གནང་ཡོད། 2025ལོའི་ཟླ་8པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་བྱེད་སྒོར་ཞུགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་ནས་གསུང་བཤད་གལ་ཆེན་གནང་ཡོད་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱི་ཡོངས་ལ་དམིགས་ནས་བོད་ཀྱི་ལས་དོན་ལ་ལོ་རྒྱུས་ཀྱི་འགན་འཁྲི་གསར་པ་བཀོད་སྒྲིག་གནང་བ་དང་འཐབ་ཇུས་བཀོད་སྒྲིག་གསར་པ་བཏོན་གནང་བས། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་མཉམ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་སྐྲུན་པ་དང་མཛེས་སྡུག་ལྡན་པའི་བོད་ཀྱི་ལེའུ་གསར་པ་རྩོམ་པའི་གདེང་ཚོད་དང་ཆོད་སེམས་ལ་སྐུལ་ལྕག་ཆེན་པོ་ཐེབས་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་བསྟར། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་བཏང་བ། སྤྱི་ཚོགས་ཀྱི་སྤྱི་ཡོངས་ཡུན་རིང་ཞི་མཐུན་བརྟན་ལྷིང་རྒྱུན་འཁྱོངས་བྱུང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་བཟང་བ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་རྒྱུན་མཐུད་ཕྱིན་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ནུས་ལྡན་བྱུང་བ། མཐའ་མཚམས་ས་ཁུལ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་བཅས་སྤྱི་ཚོགས་ཧྲིལ་པོར་དབྱར་མཚོ་རྒྱས་པ་ལྟར་གྱི་འཕེལ་རྒྱས་ཀྱི་དུས་བབ་བཟང་པོ་མངོན་ཡོད་ཅེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། དམངས་སྲིད་པུས་དུས་ཡུན་རིང་པོར་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ཀྱི་མཐོ་ཚད་ནས་སྲིད་ཇུས་དང་། རྣམ་གྲངས། མ་དངུལ། ཤེས་ལྡན་པ་སོགས་ལ་རོགས་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། ལྷག་པར་དུ་2025ལོར་དིང་རིར་ས་ཡོམ་བརྒྱབ་རྗེས་དམངས་སྲིད་པུས་མགྱོགས་མྱུར་བརྡ་ལན་ཞུས་ཏེ་བྱ་སྤྱོད་སྤེལ་ནས་སྤྱི་ཚོགས་སྟོབས་ཤུགས་ཡོམ་འགོག་གུད་སྐྱོབ་དང་། དམངས་འཚོའི་རོགས་སྐྱོར། གེགས་རྗེས་སླར་གསོ་བསྐྱར་སྐྲུན་བཅས་ཀྱི་ལས་དོན་ཁག་ལ་ཧུར་ཐག་ཞུགས་པ་དང་འབྲེལ་ཁྲིད་སྟོན་ཡང་བྱས་པས། “གནོད་འཚེ་ཕོག་པའི་ལོ་དེ་རང་ལ་བསྐྱར་སྐྲུན་ཐུབ་པ་དང་སྡོད་ཐུབ་པ”བཅས་ཀྱི་ལས་ཀའི་དམིགས་ཚད་མངོན་འགྱུར་བྱུང་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཚོས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ཁྱད་འཕགས་རང་བཞིན་དང་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་ཚོར་ཡོད། དམངས་སྲིད་པུའུ་དང་རྒྱལ་ཡོངས་དམངས་སྲིད་ཁོངས་གཏོགས་ཀྱིས་སྔ་ཕྱི་བར་གསུམ་དུ་བོད་ཀྱི་དམངས་སྲིད་བྱ་གཞག་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ཏེ་དམངས་འཚོ་འགན་ལེན་ལ་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་ཏང་གི་དམངས་ཕན་སྲིད་ཇུས་ཀྱིས་མཐའ་མཚམས་མང་ཚོགས་ལ་ཕན་པ་དེ་བས་ལེགས་པ་སྐྲུན་པ་དང་། སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཀྱི་ཞན་ཆ་སྔར་བས་བསལ་ནས་བོད་ཀྱི་རྨང་གཞིའི་རང་བཞིན་དང་། ཀུན་ཕན་རང་བཞིན། ཐ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རོགས་བྱེད་པ། ཤེས་ལྡན་པ་དང་རིག་སྟོབས་བོད་སྐྱོར་སྔར་བས་ཟབ་ཏུ་གཏོང་བ་དང་བོད་ཀྱི་དམངས་སྲིད་དཔུང་ཁག་གི་ཆེད་ལས་ཅན་དང་ཚད་ལྡན་ཅན་གྱི་འགན་སྒྲུབ་ནུས་པ་ཆེ་རུ་བཏང་སྟེ། བོད་ཀྱི་དམངས་སྲིད་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་རེ་བ་ཡོད།

    ལི་ཁྲང་ཀོན་གྱིས་གསུངས་དོན། ཁ་གཏད་བོད་སྐྱོར་ནི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམིགས་ནས་བཏོན་པའི་འཐབ་ཇུས་བཀོད་ཇུས་གལ་ཆེན་ཞིག་རེད། དམངས་འཚོ་དང་འབྲེལ་བ་ཡོད་པ་དང་དམངས་སེམས་དང་སྦྲེལ་བའི་དམངས་སྲིད་ལས་དོན་ནི་སྤྱི་ཚོགས་འཛུགས་སྐྲུན་གྱི་ཐ་སྐྱོང་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་རེད། དམངས་སྲིད་བོད་སྐྱོར་ལས་དོན་ཡག་པོ་བསྒྲུབས་ནས་དམངས་སྲིད་ལ་བརྟེན་ནས་གཞི་རྩ་འགན་ལེན་དང་། མཐའ་ཚད་སྲུང་བ། དམངས་སེམས་ལ་དྲོ་སྐྱིད་སྦྱིན་པ། ཉེན་ཁ་སྔོན་འགོག འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་འགན་ནུས་གང་ལེགས་འདོན་པ་ནི་བོད་ཡུན་རིང་བདེ་འཁོད་སྲུང་སྐྱོང་དང་། བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ། བོད་ཀྱི་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་བཅས་ཀྱི་བླང་བྱ་གལ་ཆེན་ཞིག་ཡིན་པས། དུས་རབས་གསར་པར་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། “ལོ་ལྔ་ཚན་བཅོ་ལྔ་པའི”དུས་སྐབས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་རྨང་གཞི་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པའི་འགག་རྩའི་དུས་སྐབས་ཤིག་རེད། རྒྱལ་ཡོངས་དམངས་སྲིད་ཁོངས་གཏོགས་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”དམངས་སྲིད་བོད་སྐྱོར་ལས་དོན་གྱི་གཙོ་གནད་ལས་འགན་སྟངས་འཛིན་ཡག་པོ་བྱེད་པ། དམངས་སྲིད་ཀྱི་འགན་ནུས་ལ་གཞི་ཚུགས་པ་དང་བོད་ཀྱི་དགོས་མཁོར་དམིགས་པ། གནད་སྨིན་ཤུགས་འདོན་དང་སྙིང་རུས་གཏན་འཁྱོངས། ཁ་གཏད་བོད་སྐྱོར་གྱི་ལས་དོན་ཁག་ཡག་པོ་སྒྲུབ་པ། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་རྩ་བའི་འགོ་འཛུགས་སར་དམ་པོར་དམིགས་པ་བཅས་བྱས་ནས་ཐ་སྐྱོང་གནད་སྨིན་དང་དམངས་སྲིད་ཀྱི་ཞབས་ཞུའི་ཞན་ཆ་སེལ་དགོས། ཡུལ་བབ་དང་བསྟུན་ནས་ཇུས་བསྟར་གནད་སྨིན་མཐའ་འཁྱོངས་བྱས་ཏེ་སྤྱི་ཚོགས་ཀྱི་སྟོབས་ཤུགས་སྐུལ་སློང་དང་ཁྲིད་སྟོན་གྱིས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གཙོ་རྐང་ལ་དམ་པོར་དམིགས་ནས་དམངས་སྲིད་ཞབས་ཞུར་བརྟེན་ཏེ་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས། བསམ་ཇུས་གཅིག་གི་བསམ་བློ་བརྟན་པོ་འཛུགས་པ་དང་། བོད་སྐྱོར་གྱི་ལས་ཀའི་མཉམ་ཤུགས་ཆེན་པོ་གཅིག་སྒྲིལ། རིམ་པ་བཞིན་ལས་ཀའི་འགན་འཁྲི་ནན་དུ་གཏོང་བ། སྤྱི་འདོམས་བཀོད་གཏོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། བོད་སྐྱོར་ཞིང་ཆེན(གྲོང་ཁྱེར)གྱིས་དམངས་སྲིད་བོད་སྐྱོར་ས་གནས་དེ་གའི་བོད་སྐྱོར་འཆར་འགོད་ཧྲིལ་པོར་བཅུག་ནས་རོགས་སྐྱོར་བྱ་ཡུལ་གྱི་རྣམ་གྲངས་མ་དངུལ་ཚད་ལྡན་དུ་གཏོང་བ་དང་། དོ་དམ་ཡག་པོ་བྱེད་པ། དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས། རྒྱུན་རྣམ་ཅན་གྱི་འབྲེལ་གཏུག་མཐུན་སྦྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། པུའུ་དང་། ཞིང་ཆེན། རོགས་སྐྱོར་བྱ་ཡུལ་བཅས་ཀྱི་འབྲེལ་མཐུད་ཐབས་ལམ་ཤར་གཏོང་བྱས་ནས། སྤྱི་ཚོགས་རྩ་འཛུགས་དང་དགེ་ལས་རྩ་འཛུགས་ཀྱི་རྣམ་གྲངས་དོན་འཁྱོལ་ལ་ཁྲིད་སྟོན་བྱེད་དགོས། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང་། “ལམ་གཉིས”ཀྱི་སྙིང་སྟོབས། དམངས་སྲིད་ཀྱིས་དམངས་ལ་ཞབས་འདེགས་ཞུ་བའི་སྙིང་སྟོབས་བཅས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར། རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པ་དང་དམངས་འཚོར་ཕན་འདོགས་པ་དང་མི་སེམས་ལ་དྲོ་སྐྱིད་སྦྱིན་པའི་བྱ་བ་དངོས་དང་བྱ་བ་བཟང་པོ་མང་ཙམ་སྒྲུབ་པ་བཅས་བྱས་ཏེ། དམངས་སྲིད་བོད་སྐྱོར་ལས་དོན་ལ་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་གྱི་ཉམས་སད་ཐེག་པ་བྱས་ནས་དམངས་སྲིད་ཁོངས་གཏོགས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།