བོད་རང་སྐྱོང་ལྗོངས་ཀྱི་འཕྲིན་གཏོང་སྒྲིག་བཀོད་འཛུགས་སྐྲུན་དང་སྲུང་སྐྱོབ་བྱ་རྒྱུའི་སྲོལ་ཡིག
(2026ལོའི་ཟླ་1ཚེས་27ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གཅིག་པའི་ཐོག་གྲོས་འཆམ་བྱུང་བ)
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།
〔2026〕ཡིག་ཨང་3པ།
《བོད་རང་སྐྱོང་ལྗོངས་ཀྱི་འཕྲིན་གཏོང་སྒྲིག་བཀོད་འཛུགས་སྐྲུན་དང་སྲུང་སྐྱོབ་བྱ་རྒྱུའི་སྲོལ་ཡིག》དེ་2026ལོའི་ཟླ་1ཚེས་27ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གཅིག་པའི་ཐོག་གྲོས་འཆམ་བྱུང་དོན་བཞིན་ད་ལྟ་ཡོངས་བསྒྲགས་བྱ་རྒྱུ་ཡིན་ཞིང་། 2026ལོའི་ཟླ་5ཚེས་1ཉིན་ནས་ལག་བསྟར་བྱ་རྒྱུ།
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།
2026ལོའི་ཟླ་1ཚེས་27
དཀར་ཆག
ལེའུ་དང་པོ། སྤྱིའི་རྩ་དོན།
ལེའུ་གཉིས་པ། འཆར་འགོད་དང་འཛུགས་སྐྲུན་བྱེད་ཕྱོགས།
ལེའུ་གསུམ་པ། བདེ་འཇགས་སྲུང་སྐྱོབ་བྱེད་ཕྱོགས།
ལེའུ་བཞི་པ། ལྟ་སྐུལ་དང་དོ་དམ་བྱེད་ཕྱོགས།
ལེའུ་ལྔ་པ། བཅའ་ཁྲིམས་ཀྱི་འགན་འཁྲི།
ལེའུ་དྲུག་པ། ཞར་བྱུང་།
ལེའུ་དང་པོ། སྤྱིའི་རྩ་དོན།
དོན་ཚན་དང་པོ། འཕྲིན་གཏོང་སྒྲིག་བཀོད་འཛུགས་སྐྲུན་དང་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་སྟེ། འཕྲིན་གཏོང་སྒྲིག་བཀོད་ཀྱི་བདེ་འཇགས་དང་འཕྲིན་གཏོང་དྲ་རྒྱ་ཤར་གཏོང་ཐུབ་པར་འགན་སྲུང་བྱས་ནས་འཕྲིན་གཏོང་ཞབས་ཞུ་སྒྲུབ་པའི་ཆུ་ཚད་མཐོ་རུ་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གློག་འཕྲིན་སྲོལ་ཡིག》སོགས་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གཞིར་བཟུང་། རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྲོལ་ཡིག་འདི་བཟོས་པ་ཡིན།
དོན་ཚན་གཉིས་པ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་དེ་གའི་འཕྲིན་གཏོང་སྒྲིག་བཀོད་འཆར་འགོད་དང་། འཛུགས་སྐྲུན། སྲུང་སྐྱོབ། དེ་བཞིན་དེར་ལྟ་སྐུལ་དོ་དམ་སོགས་བྱེད་སྐབས་སྲོལ་ཡིག་འདི་སྤྱད་ན་འཐུས།
སྲོལ་ཡིག་འདིའི་ནང་འཁོད་པའི་འཕྲིན་གཏོང་སྒྲིག་བཀོད་ཅེས་པ་ནི་སྤྱི་དམངས་ལ་འཕྲིན་གཏོང་ཞབས་ཞུ་སྒྲུབ་ཐུབ་པ་མ་ཟད་འཕྲིན་གཏོང་གི་ནུས་པ་ལྡན་པའི་སྒྲིག་ཆས་དང་སྒྲིག་བཀོད་ལ་ཟེར་ཞིང་། དེའི་ནང་འཕྲིན་གཏོང་སྒྲིག་ཆས་དང་། འཕྲིན་གཏོང་སྐུད་ལམ། འཕྲིན་གཏོང་ལེ་ལག་སྒྲིག་བཀོད་བཅས་དང་དེ་བཞིན་རྒྱལ་ཁབ་དང་རང་སྐྱོང་ལྗོངས་འཕྲིན་གཏོང་གཙོ་འགན་སྡེ་ཚན་གྱིས་ངོས་བཟུང་བའི་འཕྲིན་གཏོང་སྒྲིག་བཀོད་གཞན་དག་ཚུད་ཡོད།
དོན་ཚན་གསུམ་པ། འཕྲིན་གཏོང་སྒྲིག་བཀོད་འཛུགས་སྐྲུན་དང་སྲུང་སྐྱོབ་བྱེད་པར་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུར་ཕན་འདོགས་པ་དང་། བོད་ལྗོངས་འདི་ཉིད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་ཡོང་བར་རྨང་གཞིའི་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་ནུས་པ་འདོན་དགོས།
འཕྲིན་གཏོང་སྒྲིག་བཀོད་འཛུགས་སྐྲུན་དང་སྲུང་སྐྱོབ་བྱེད་པའི་ལས་དོན་སྤེལ་བར་ངེས་པར་དུ་གཅིག་གྱུར་འཆར་འགོད་དང་། བཀོད་སྒྲིག་ལུགས་མཐུན། མཉམ་སྐྲུན་མཉམ་སྤྱོད། བདེ་འཇགས་འགན་སྲུང་བཅས་ཀྱི་རྩ་དོན་ལ་བརྩི་སྲུང་ཞུ་དགོས་པ་དང་། རྒྱལ་ཁབ་ཀྱི་བཙན་ཤེད་རང་བཞིན་གྱི་ཚད་གཞི་ལག་བསྟར་བྱས་ནས། བདེ་འཇགས་ཐོན་སྐྱེད་དང་། ནུས་རྒྱུ་བསྲི་ཚགས་དང་བཙོག་སྐྱོན་ཉུང་གཏོང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་བླང་བྱ་དང་མཐུན་པ་བྱེད་དགོས།
དོན་ཚན་བཞི་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་འཕྲིན་གཏོང་སྒྲིག་བཀོད་འཛུགས་སྐྲུན་དང་སྲུང་སྐྱོབ་བྱེད་པའི་ལས་དོན་ལ་གཅིག་གྱུར་འཆར་འགོད་ཀྱིས་མཐུན་སྦྱོར་ཡོང་བར་ཤུགས་སྣོན་རྒྱག་པ་དང་། ཆ་འཕྲིན་འཕྲིན་གཏོང་ལས་རིགས་ཀྱི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་བྱ་ཐབས་བཟོ་བ་དང་དོན་འཁྱོལ་བྱས་ཏེ་འཕྲིན་གཏོང་སྒྲིག་བཀོད་འཛུགས་སྐྲུན་དང་སྲུང་སྐྱོབ་བྱེད་པའི་གནད་དོན་གལ་ཆེན་ཐག་གཅོད་བྱེད་དགོས་ཤིང་། ཞིང་འབྲོག་ས་ཁུལ་དང་། མཐའ་མཚམས་ས་ཁུལ། ཐག་རིང་ལུང་ཁུག་སོགས་སུ་འཕྲིན་གཏོང་སྒྲིག་བཀོད་འཛུགས་སྐྲུན་དང་སྲུང་སྐྱོབ་བྱེད་པའི་ལས་དོན་སྤེལ་རྒྱུར་ཤུགས་སྣོན་རྒྱག་དགོས།
ཤང་གྲོང་རྡལ་མི་དམངས་སྲིད་གཞུང་གིས་ངེས་པར་དུ་འཕྲིན་གཏོང་སྒྲིག་བཀོད་འཛུགས་སྐྲུན་དང་སྲུང་སྐྱོབ་བྱེད་པའི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་བྱེད་དགོས།
ཡུལ་མི(གྲོང་མི)ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་འཕྲིན་གཏོང་སྒྲིག་བཀོད་འཛུགས་སྐྲུན་དང་སྲུང་སྐྱོབ་བྱེད་པའི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་བྱེད་དགོས།
དོན་ཚན་ལྔ་པ། རང་སྐྱོང་ལྗོངས་འཕྲིན་གཏོང་གཙོ་འགན་སྡེ་ཚན་གྱིས་ལྗོངས་ཡོངས་ཀྱི་འཕྲིན་གཏོང་སྒྲིག་བཀོད་འཆར་འགོད་དང་། འཛུགས་སྐྲུན། སྲུང་སྐྱོབ་བཅས་བྱ་རྒྱུའི་ཐད་སྒྲིག་འཛུགས་མཐུན་སྦྱོར་དང་ལྟ་སྐུལ་དོ་དམ་བྱེད་འགན་འཁུར་དགོས།
གོང་འཕེལ་བསྒྱུར་བཅོས་དང་། དཔལ་འབྱོར་དང་ཆ་འཕྲིན་ཅན། སྤྱི་བདེ། ནོར་སྲིད། རང་བྱུང་ཐོན་ཁུངས། སྐྱེ་ཁམས་ཁོར་ཡུག སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། འགྲིམ་འགྲུལ་སྐྱེལ་འདྲེན། ཆུ་བེད། ཞིང་ལས་དང་གྲོང་གསེབ། འཕྲལ་བསྟུན་དོ་དམ། ནགས་ལས་རྩྭ་ཐང་སོགས་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་རང་འགན་གཞིར་བཟུང་འཕྲིན་གཏོང་སྒྲིག་བཀོད་འཛུགས་སྐྲུན་དང་སྲུང་སྐྱོབ་བྱེད་པའི་འབྲེལ་ཡོད་ལས་དོན་ཁྲིམས་བཞིན་ཡག་པོ་སྒྲུབ་དགོས།
དོན་ཚན་དྲུག་པ། གློག་འཕྲིན་ལས་སྒོ་གཉེར་མཁན་གྱིས་ངེས་པར་དུ་འཕྲིན་གཏོང་སྒྲིག་བཀོད་འཛུགས་སྐྲུན་དང་། དོ་དམ། སྲུང་སྐྱོབ་བཅས་བྱེད་པའི་སྒྲིག་སྲོལ་ལམ་ལུགས་བཟོ་བ་དང་འཐུས་སྒོ་ཚང་དུ་བཏང་ནས། དྲ་རྒྱའི་མྱུར་ཚད་དང་། བདེ་འཇགས་རང་བཞིན། བརྟན་ལྷིང་རང་བཞིན་བཅས་ཆེ་རུ་བཏང་སྟེ་འཕྲིན་གཏོང་སྒྲིག་བཀོད་འཛུགས་སྐྲུན་བྱེད་པའི་ལས་གྲྭའི་སྤུས་ཚད་དང་འཕྲིན་གཏོང་དྲ་རྒྱ་སྐྱོན་བྲལ་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས།
དོན་ཚན་བདུན་པ། འཕྲིན་གཏོང་སྒྲིག་བཀོད་དེ་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་ཁོངས་ཡིན་པས་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་ཐོབ་ཀྱི་ཡོད།
རྩ་འཛུགས་གང་དང་མི་སུ་ཞིག་ཡིན་རུང་འཕྲིན་གཏོང་སྒྲིག་བཀོད་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་མི་ཆོག་པ་དང་། ཁྲིམས་བཞིན་འཕྲིན་གཏོང་སྒྲིག་བཀོད་འཛུགས་སྐྲུན་དང་སྲུང་སྐྱོང་བྱ་རྒྱུར་འགོག་རྐྱེན་བཟོ་མི་ཆོག
དོན་ཚན་བརྒྱད་པ། རང་སྐྱོང་ལྗོངས་འཕྲིན་གཏོང་གཙོ་འགན་སྡེ་ཚན་དང་། རྫོང་རིམ་ཡན་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན། དེ་བཞིན་གློག་འཕྲིན་ལས་སྒོ་གཉེར་མཁན་དང་གསར་འགྱུར་སྨྱན་སྦྱོར་སོགས་ཀྱིས་ངེས་པར་དུ་ཐབས་ལམ་སྣ་ཚོགས་སྤྱད་དེ་འཕྲིན་གཏོང་སྒྲིག་བཀོད་འཛུགས་སྐྲུན་དང་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་ཁྲིམས་སྲོལ་དང་། སྲིད་ཇུས་བྱ་ཐབས། དེ་བཞིན་འཕྲིན་གཏོང་སྒྲིག་བཀོད་ཀྱི་བདེ་འཇགས་དང་གློག་སྡུད་འགྱེད་འཕྲོ་སོགས་ཀྱི་ཤེས་བྱ་དྲིལ་བསྒྲགས་དང་ཁྱབ་གདལ་བཏང་ནས་སྤྱི་དམངས་ཀྱི་འཕྲིན་གཏོང་སྒྲིག་བཀོད་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཟབ་ཏུ་གཏོང་དགོས།
ལེའུ་གཉིས་པ། འཆར་འགོད་དང་འཛུགས་སྐྲུན་བྱེད་ཕྱོགས།
དོན་ཚན་དགུ་པ། རང་སྐྱོང་ལྗོངས་འཕྲིན་གཏོང་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་འཕྲིན་གཏོང་གི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆེད་དམིགས་འཆར་འགོད་བཟོ་རྒྱུའི་སྒྲིག་འཛུགས་བྱས་ཏེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་རྗེས་ལག་བསྟར་བྱེད་དགོས། འཕྲིན་གཏོང་གི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆེད་དམིགས་འཆར་འགོད་དེ་ངེས་པར་དུ་རྒྱལ་ཁོངས་བར་སྟོངས་ཀྱི་སྤྱིའི་འཆར་འགོད་རྨང་གཞིར་བཟུང་སྟེ་འབྲེལ་ཡོད་འཆར་འགོད་གཞན་དག་དང་འབྲེལ་མཐུད་བྱས་ནས་བཟོ་སྒྲིག་བྱེད་དགོས།
རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་འཕྲིན་གཏོང་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུ་དེ་རིམ་པ་དེ་གའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་འགོད་དང་རྒྱལ་ཁོངས་བར་སྟོངས་ཀྱི་འཆར་འགོད་ནང་འཇུག་དགོས། རྫོང་རིམ་ཡན་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་འབྲེལ་ཡོད་ཆེད་དམིགས་འཆར་འགོད་བཟོ་སྒྲིག་དང་དག་བཅོས་བྱེད་སྐབས། འཕྲིན་གཏོང་སྒྲིག་བཀོད་ཀྱི་འཛུགས་སྐྲུན་དང་འབྲེལ་བ་ཡོད་པའི་རིགས་ངེས་པར་དུ་རང་སྐྱོང་ལྗོངས་འཕྲིན་གཏོང་གཙོ་འགན་སྡེ་ཚན་གྱི་བསམ་འཆར་བསྡུ་ལེན་བྱེད་དགོས།
གློག་འཕྲིན་ལས་སྒོ་གཉེར་མཁན་གྱིས་ཁེ་ལས་གོང་འཕེལ་གཏོང་རྒྱུའི་འཆར་འགོད་བཟོ་སྒྲིག་བྱེད་སྐབས་ངེས་པར་དུ་འཕྲིན་གཏོང་རྨང་གཞིའི་སྒྲིག་བཀོད་ཀྱི་ཆེད་དམིགས་འཆར་འགོད་སོགས་འཆར་འགོད་ཀྱི་བླང་བྱ་དང་མཐུན་པ་བྱེད་དགོས།
དོན་ཚན་བཅུ་པ། རང་སྐྱོང་ལྗོངས་འཕྲིན་གཏོང་གཙོ་འགན་སྡེ་ཚན་གྱིས་འཕྲིན་གཏོང་སྒྲིག་བཀོད་གཅིག་གྱུར་ཐོག་འཛུགས་སྐྲུན་བྱ་རྒྱུའི་ཐད་སྒྲིག་འཛུགས་དང་མཐུན་སྦྱོར་བྱེད་འགན་ཁུར་ནས་འཕྲིན་གཏོང་སྒྲིག་བཀོད་མཉམ་སྐྲུན་མཉམ་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས།
དོན་ཚན་བཅུ་གཅིག་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་འཕྲིན་གཏོང་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ་འཕྲིན་གཏོང་སྒྲིག་བཀོད་ཀྱི་འཛུགས་སྐྲུན་ས་ཆ་འགན་སྲུང་བྱེད་པ་སོགས་ཀྱི་འབྲེལ་ཡོད་ལས་དོན་ཁྲིམས་བཞིན་ཡག་པོ་སྒྲུབ་དགོས།
འཕྲིན་གཏོང་སྒྲིག་བཀོད་འཛུགས་སྐྲུན་བྱེད་སྐབས་ངེས་པར་དུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་འབྲེལ་ཡོད་འགྲོ་ལུགས་གཉེར་དགོས་ཤིང་། ལས་འགོ་འཛུགས་པའི་ཆ་རྐྱེན་འཛོམས་རྗེས་གཞི་ནས་སྒྲིག་འཛུགས་དང་ལག་བསྟར་བྱས་ཆོག
རྫོང་རིམ་ཡན་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་འཕྲིན་གཏོང་སྒྲིག་བཀོད་ཀྱི་འཛུགས་སྐྲུན་ལ་ཞིབ་མཆན་འགོད་པའི་ལས་རིམ་ཚད་ལྡན་བཟོས་ནས། ཞིབ་མཆན་འགོད་པའི་རེ་ཞུ་དུས་ཐོག་ཏུ་བདག་སྤྲོད་བྱེད་དགོས་པ་མ་ཟད། ཞིབ་མཆན་འགོད་པའི་ལས་རིམ་ལེགས་སུ་བཏང་ནས་ཞིབ་མཆན་འགོད་པའི་ལས་ཕྱོད་ཆེ་རུ་གཏོང་དགོས།
དོན་ཚན་བཅུ་གཉིས་པ། འཕྲིན་གཏོང་སྒྲིག་བཀོད་འཛུགས་སྐྲུན་བྱེད་སྐབས་ས་གནས་དེ་གའི་རང་བྱུང་ཁོར་ཡུག་དང་། དེ་བཞིན་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་བྱེད་རྣམ་དང་མཐུན་སྦྱོར་ཡོང་ཐབས་བྱས་ཏེ། ཁྲིམས་བཞིན་ཁོར་ཡུག་ལ་གནོད་གཞི་ཇེ་ཡོང་ཞིབ་དཔྱད་བྱེད་དགོས་པ་མ་ཟད། གློག་ངར་ཟེར་འགྱེད་དེ་རྒྱལ་ཁབ་ཀྱི་ཁོར་ཡུག་ཚོད་འཛིན་གྲངས་ཐང་དང་མཐུན་པ་བྱེད་དགོས།
རང་བྱུང་སྲུང་སྐྱོབ་ཁུལ་དང་། མཛེས་ལྗོངས་ཁུལ་གྲགས་ཅན། རིག་དངོས་སྲུང་སྐྱོབ་ཁུལ། ལོ་རྒྱུས་དང་རིག་གནས་ཁྲོམ་ཁུལ་སོགས་སུ་འཕྲིན་གཏོང་སྒྲིག་བཀོད་ཁྲིམས་བཞིན་འཛུགས་སྐྲུན་བྱེད་དགོས་ཚེ། ངེས་པར་དུ་ལྟ་སྣང་དོད་པོའམ་ཡང་ན་མི་མངོན་པའི་ཐབས་ལམ་སྤྱོད་དགོས་པ་མ་ཟད། སྐྱེ་ཁམས་སྲུང་སྐྱོབ་དང་རིག་དངོས་བདེ་འཇགས་ཀྱི་བླང་བྱ་དང་མཐུན་པའང་བྱེད་དགོས།
དོན་ཚན་བཅུ་གསུམ་པ། གཤམ་གསལ་འཛུགས་སྐྲུན་རྣམ་གྲངས་གསར་སྐྲུན་དང་། བསྐྱར་བཟོ། རྒྱས་སྐྲུན་བཅས་བྱེད་སྐབས་འཕྲིན་གཏོང་སྒྲིག་བཀོད་དུས་མཉམ་དུ་འཆར་འགོད་དང་འཛུགས་སྐྲུན་བྱེད་དགོས་པ་སྟེ།
(གཅིག)རྒྱལ་ཁབ་ལས་ཁུངས་དང་། བྱ་གཞག་ཚན་པ། སྤྱི་པའི་ཞབས་ཞུའི་འགན་ནུས་ཡོད་པའི་ཁེ་ལས་སོགས་སྤྱི་པའི་ལས་ཚན་གྱི་གཞུང་ལས་སྒྲུབ་ས་དང་།
(གཉིས)སྤྱི་གླིང་དང་། ཐང་ཆེན། ཡུལ་སྐོར་མཛེས་ལྗོངས་ཁུལ། དེ་བཞིན་རིག་གནས་ལུས་རྩལ་དང་། འཕྲལ་མཁོའི་ཉེན་གཡོལ་སོགས་མི་ཚོགས་འདུ་ས།
(གསུམ)གཞུང་ལམ་དང་། ལྕགས་ལམ། ཟམ་པ། ཕུག་ལམ། གྲོང་ཁྱེར་གྱི་འགྲོ་ལམ་དང་དེའི་འགོག་སྲུང་སྔོ་སྒྱུར་ཁུལ། ས་འོག་གི་ཕྱོགས་བསྡུས་དོང་ལམ། དེ་བཞིན་གནམ་ཐང་དང་། རླངས་འཁོར་བབས་ཚུགས། གྲུ་ལམ་སྐྲུན་དངོས། ལམ་སྒྲོན། ལམ་ཐོག་ཕྱོགས་སྟོན་བྱང་བུ། སྤྱི་པའི་བརྙན་ལམ་ལྟ་སྡོམ་སོགས་སྤྱི་པའི་སྒྲིག་བཀོད།
(བཞི)སྡོད་གནས་ཁུལ་ཆུང་དང་། གྲོང་ཁྱེར་གྲོང་རྡལ་གྱི་སྡོད་ཁང་། ཚོང་དོན་ཐོག་ཁང་། སྲོལ་རྒྱུན་གྱི་མཐའ་མཚམས་ཉོ་ཚོང་ས་ཚིགས། མཐའ་མཚམས་ཉོ་ཚོང་ཁྲོམ་ར་སོགས།
(ལྔ)འཕྲིན་གཏོང་དྲ་རྒྱ་ཁེབས་པའི་དགོས་མཁོ་ཡོད་པ་མ་ཟད་འཕྲིན་གཏོང་སྒྲིག་བཀོད་འཛུགས་སྐྲུན་བྱེད་དགོས་པའི་འཛུགས་སྐྲུན་རྣམ་གྲངས་གཞན་དག་བཅས་སོ།
དོན་ཚན་བཅུ་བཞི་པ། འཕྲིན་གཏོང་གི་ལེ་ལག་སྒྲིག་བཀོད་དེ་ངེས་པར་དུ་ལས་གྲྭ་འཛུགས་སྐྲུན་བྱེད་པའི་འབྲེལ་ཡོད་ཚད་གཞི་ནན་པོ་གཞིར་བཟུང་རྣམ་གྲངས་ཀྱི་གཙོ་གནད་ལས་གྲྭ་དང་དུས་གཅིག་ཏུ་འཆར་འགོད་དང་། དུས་གཅིག་ཏུ་ཇུས་འགོད། དུས་གཅིག་ཏུ་ཨར་སྐྲུན། དུས་གཅིག་ཏུ་ཞིབ་བཤེར་རྩིས་ལེན་བཅས་བྱེད་དགོས། ཞིབ་བཤེར་རྩིས་ལེན་བྱས་མེད་པའམ་ཡང་ན་ཞིབ་བཤེར་རྩིས་ལེན་བྱས་ནས་ཚད་གཞི་ལོན་མེད་པའི་རིགས་གློག་འཕྲིན་ལས་སྒོ་གཉེར་མཁན་གྱིས་སྤྱི་སྤྱོད་འཕྲིན་གཏོང་དྲ་རྒྱར་མཐུད་མི་ཆོག
འཛུགས་སྐྲུན་རྣམ་གྲངས་ཀྱི་ལས་འགོ་མ་བཙུགས་གོང་། འཛུགས་སྐྲུན་ཚན་པས་ངེས་པར་དུ་འཕྲིན་གཏོང་གི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆེད་དམིགས་འཆར་འགོད་དང་། དྲ་རྒྱ་ཁེབས་པའི་དགོས་མཁོ། དེ་བཞིན་ཨར་སྐྲུན་གྲུབ་ཆ་སོགས་ཀྱི་ཆ་རྐྱེན་དང་ཟུང་འབྲེལ་བྱེད་དགོས་པ་མ་ཟད། འཕྲིན་གཏོང་གི་ལེ་ལག་སྒྲིག་བཀོད་འཛུགས་སྐྲུན་བྱེད་གནས་སྔོན་ལ་འཇོག་དགོས།
དོན་ཚན་བཅོ་ལྔ་པ། གློག་འཕྲིན་ལས་སྒོ་གཉེར་མཁན་གྱིས་ངེས་པར་དུ་རྒྱལ་ཁབ་ཀྱིས་ཁས་ལེན་དཔང་འདོན་བྱས་པའི་ཚད་གཞི་དང་མཐུན་པའི་སྒྲིག་ཆས་སྤྱོད་དགོས། འཕྲིན་གཏོང་སྦྲེལ་ཚུགས་མཐའ་འཁོར་གྱི་ཁོར་ཡུག་ཚོར་སྐྱེན་དམིགས་ཚད་ཀྱི་གློག་སྡུད་འགྱེད་འཕྲོའི་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་བྱེད་དགོས་པ་མ་ཟད། ལྟ་ཞིབ་ཚད་ལེན་བྱས་འབྲས་ཀྱང་ཁྱབ་བསྒྲགས་བྱེད་དགོས།
ལྟ་ཞིབ་ཚད་ལེན་བྱས་འབྲས་ཐད་འཕྲིན་གཏོང་སྦྲེལ་ཚུགས་མཐའ་འཁོར་གྱི་རྩ་འཛུགས་དང་མི་སྒེར་ལ་བསམ་འཆར་མི་འདྲ་བ་ཡོད་ཚེ་སྐྱེ་ཁམས་ཁོར་ཡུག་གཙོ་འགན་སྡེ་ཚན་ལ་བསྐྱར་དུ་ལྟ་ཞིབ་ཚད་ལེན་བྱེད་རེ་ཞུས་ཆོག
དོན་ཚན་བཅུ་དྲུག་པ། སྡོད་ཁང་ཁུལ་ཆུང་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་། ཚོང་དོན་ཐོག་ཁང་སོགས་ཀྱི་འཛུགས་སྐྲུན་རྣམ་གྲངས་ནང་ཡོད་པའི་འོད་སྐུད་འཕྲིན་གཏོང་སྒྲིག་བཀོད་དེ་དག་ངེས་པར་དུ་གློག་འཕྲིན་ལས་སྒོ་གཉེར་མཁན་གྱིས་འདྲ་མཉམ་ངང་མཐུད་ཆོག་པ་མ་ཟད། སྤྱོད་དུད་རྣམ་པས་རང་མོས་ངང་གློག་འཕྲིན་ལས་སྒོ་གཉེར་མཁན་གདམ་ག་བྱས་ཆོག་ཅིང་། དེའི་ཐད་མཁོ་བའི་གྲོན་དངུལ་དེ་དག་ངེས་པར་དུ་འཛུགས་སྐྲུན་རྣམ་གྲངས་ཀྱི་རགས་རྩིས་ཁོངས་སུ་འཇུག་དགོས།
དོན་ཚན་བཅུ་བདུན་པ། འཕྲིན་གཏོང་སྐུད་ལམ་དེ་གཞུང་ལམ་དང་། ལྕགས་ལམ། ཆུ་ལམ། ཟམ་པ། ཕུག་ལམ། ས་འོག་བགྲོད་ལམ། གྲོང་ཁྱེར་གྱི་འགྲོ་ལམ། གྲོང་ཁྱེར་གྱི་སྦུག་དྲ། གློག་ཤུགས་སྦུག་དྲ། གྲོང་ཁྱེར་གྱི་སྔོ་སྒྱུར་ཁུལ་སོགས་སྤྱི་པའི་སྒྲིག་བཀོད་བརྒྱུད་དགོས་པའམ་ཡང་ན་བརྒལ་དགོས་ཚེ། འཛུགས་སྐྲུན་ཚན་པས་འབྲེལ་ཡོད་ཚན་པ་དང་གྲོས་མོལ་བྱས་ནས་ཁྲིམས་ལྟར་འབྲེལ་ཡོད་འགྲོ་ལུགས་གཉེར་དགོས། ཨར་ལས་བྱེད་སྐབས་ངེས་པར་དུ་འབྲེལ་ཡོད་ལས་རིགས་ཀྱི་འཛུགས་སྐྲུན་བདེ་འཇགས་ཀྱི་བླང་བྱ་དང་མཐུན་དགོས་པ་དང་། འབྲེལ་ཡོད་ཚན་པས་ངེས་པར་དུ་སྟབས་བདེ་སྐྲུན་དགོས།
དོན་ཚན་བཅོ་བརྒྱད་པ། རྨང་གཞིའི་གློག་འཕྲིན་ལས་སྒོ་གཉེར་མཁན་གྱིས་དམངས་སྤྱོད་ཨར་སྐྲུན་དངོས་པོའི་ཐོག་ཏུ་འཕྲིན་གཏོང་སྐུད་ལམ་ཟུར་སྒྲོག་བྱས་ཆོག་པའམ་ཡང་ན་གནམ་སྐུད་དང་སྒུལ་འཁྱེར་འཕྲིན་གཏོང་སྦྲེལ་ཚུགས་ཆུང་གྲས་སོགས་སྤྱི་སྤྱོད་འཕྲིན་གཏོང་སྒྲིག་བཀོད་བཙུགས་ཆོག འོན་ཀྱང་ཨར་སྐྲུན་དངོས་པོའི་བདག་དབང་ཡོད་མཁན་ནམ་ཡང་ན་བེད་སྤྱོད་བྱེད་མཁན་ལ་སྔོན་ཚུད་ནས་བརྡ་ཐོ་གཏོང་དགོས་པ་མ་ཟད། གཏན་འབེབས་ལྟར་བེད་སྤྱོད་བྱེད་གླ་སྤྲོད་དགོས།
ཟུར་སྒྲོག་འཕྲིན་སྐུད་དམ་ཡང་ན་གནམ་སྐུད་དང་སྒུལ་འཁྱེར་འཕྲིན་གཏོང་གི་སྦྲེལ་ཚུགས་ཆུང་གྲས་འཛུགས་རྒྱུ་སོགས་སྤྱི་སྤྱོད་འཕྲིན་གཏོང་སྒྲིག་བཀོད་རིགས་ངེས་པར་དུ་ཁོར་ཡུག་སྲུང་སྐྱོབ་བྱེད་ཕྱོགས་སྐོར་གྱི་གཏན་འབེབས་དང་མཐུན་དགོས་པ་དང་། ཨར་སྐྲུན་དངོས་པོའི་ཐེག་ཚད་ཀྱི་བླང་བྱ་བཞིན་བསྒྲུབས་ནས་ཨར་སྐྲུན་དངོས་པོའི་བདེ་འཇགས་དང་རྒྱུན་གཏན་གྱི་བཀོལ་སྤྱོད་ཐད་འགན་ལེན་བྱེད་དགོས།
དོན་ཚན་བཅུ་དགུ་པ། གློག་གཏོང་ཁེ་ལས་ཀྱིས་ངེས་པར་དུ་འཕྲིན་གཏོང་སྒྲིག་བཀོད་བེད་སྤྱོད་ཐུབ་ཆེད་གློག་བརྟན་པོ་རྒྱུན་མཐུད་ནས་གཏོང་དགོས་ཤིང་། འབྲེལ་ཡོད་གཏན་འབེབས་ལྟར་གླ་རིན་བསྡུ་དགོས་པ་མ་ཟད། འཕྲིན་གཏོང་སྒྲིག་བཀོད་གསར་སྐྲུན་དང་། བསྐྱར་བཟོ། རྒྱས་སྐྲུན་བཅས་བྱེད་སྐབས་གློག་ཤུགས་ནང་འདྲེན་ལས་གྲྭར་སྟབས་བདེའི་ས་ཡུལ་དང་ཆ་རྐྱེན་སྐྲུན་དགོས། དམིགས་བསལ་གནས་ཚུལ་འཕྲད་ནས་གློག་གཏོང་མ་ཐུབ་ཚེ། ངེས་པར་དུ་གཏན་འབེབས་ལྟར་འཕྲིན་གཏོང་སྒྲིག་བཀོད་ཀྱི་བདག་དབང་ཡོད་མཁན་དང་བེད་སྤྱོད་བྱེད་མཁན་ནམ་ཡང་ན་དོ་དམ་པར་སྔོན་ཚུད་ནས་བརྡ་ཐོ་གཏོང་དགོས་པ་མ་ཟད། གློག་གཏོང་བའི་ཆ་རྐྱེན་འཛོམས་རྗེས་དུས་ཐོག་ཏུ་གློག་གཏོང་དགོས།
དོན་ཚན་ཉི་ཤུ་པ། རྒྱལ་ཁབ་ལས་ཁུངས་དང་། བྱ་གཞག་ཚན་པ། སྲིད་གཞུང་བཅས་ཀྱིས་མ་དངུལ་ཧྲིལ་པོ་བཏང་བའི་ཁེ་ལས་དང་དེ་བཞིན་སྲིད་གཞུང་གི་མ་འཇོག་གཙོ་བོར་བྱས་ཏེ་འཛུགས་སྐྲུན་བྱས་པའི་སྤྱི་པའི་སྒྲིག་བཀོད་ཀྱི་བདག་དབང་ཡོད་མཁན་དང་དོ་དམ་པ་བཅས་ཀྱིས་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་མི་བཟོ་བའི་སྔོན་འགྲོའི་ཆ་རྐྱེན་འོག ངེས་པར་དུ་གློག་འཕྲིན་ལས་སྒོ་གཉེར་མཁན་གྱིས་སྦྲེལ་ཚུགས་དང་འཕྲུལ་ཁང་སོགས་འཕྲིན་གཏོང་སྒྲིག་བཀོད་འཛུགས་སྐྲུན་དང་ཉམས་གསོ་བྱེད་པར་རིན་མེད་ངང་དགོས་ངེས་ཀྱི་ས་ཆ་དང་སྟབས་བདེ་སྐྲུན་དགོས།
ལེའུ་གསུམ་པ། བདེ་འཇགས་སྲུང་སྐྱོབ་བྱེད་ཕྱོགས།
དོན་ཚན་ཉེར་གཅིག་པ། འཕྲིན་གཏོང་སྒྲིག་བཀོད་ཀྱི་བདག་དབང་ཡོད་མཁན་དང་དོ་དམ་པས་ངེས་པར་དུ་འཕྲིན་གཏོང་སྒྲིག་བཀོད་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་རྒྱུའི་འགན་འཁྲི་གཙོ་བོ་འཁུར་བ་དང་སྲུང་སྐྱོབ་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། དགོས་མཁོར་གཞིགས་ནས་འཕྲིན་གཏོང་སྒྲིག་བཀོད་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་ཁོངས་གཏན་འཁེལ་བྱེད་པ་དང་། ཉེན་ཟོན་མཚོན་རྟགས་དང་། གྱང་སྐོར། ར་སྐྱོར་སོགས་བདེ་འཇགས་འགོག་སྲུང་གི་སྒྲིག་བཀོད་བཟོ་འཛུགས་བྱེད་དགོས་པ་མ་ཟད། བདག་དབང་ཡོད་མཁན་དང་། དོ་དམ་པ། འབྲེལ་གཏུག་བྱེད་སྟངས། ཉེན་ཟོན་གྱི་ནང་དོན་སོགས་ཀྱི་ཆ་འཕྲིན་གསལ་པོ་འབྲི་དགོས།
དོན་ཚན་ཉེར་གཉིས་པ། མཐོ་ཁྲིད་དམ་ཡང་ན་ས་འོག་གི་ཆུ་དང་། གློག རླངས། སྣུམ་སོགས་ཀྱི་མདོང་ལམ་དང་དེ་བཞིན་འགྲོ་ལམ་བཟོ་སྐྲུན་བྱེད་སྐབས་འཕྲིན་གཏོང་མདོང་ལམ་སྣོལ་སྦྲེལ་བར་བརྒལ་དང་མཉམ་གཤིབ་འཛུགས་སྐྲུན་བྱེད་དགོས་ཚེ། ངེས་པར་དུ་རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་བར་ཐག་དང་མཐུན་དགོས། རྗེས་ལ་འཛུགས་སྐྲུན་བྱེད་མཁན་ཚན་པས་ངེས་པར་དུ་སྔོན་ལ་འཛུགས་སྐྲུན་བྱེད་མཁན་ཚན་པ་དང་གྲོས་བསྡུར་བྱེད་དགོས་པ་མ་ཟད། བྱེད་ཐབས་ནུས་ལྡན་སྤྱད་དེ་སྔར་ཡོད་མདོང་ལམ་གྱི་བདེ་འཇགས་སྲུང་སྐྱོབ་བྱེད་དགོས།
དོན་ཚན་ཉེར་གསུམ་པ། ཨར་ལས་དང་། ཐོན་སྐྱེད། ལྗོན་ཤིང་འདེབས་འཛུགས་སོགས་ཀྱི་ལས་སྒོ་སྤེལ་སྐབས་འཕྲིན་གཏོང་སྒྲིག་བཀོད་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་བའམ་ཡང་ན་སྐུད་ལམ་ཤར་གཏོང་ལ་འགོག་རྐྱེན་བཟོ་མི་ཆོག འཕྲིན་གཏོང་སྒྲིག་བཀོད་ཀྱི་བདེ་འཇགས་ལ་གནོད་འཚེ་བཟོ་ཉེན་ཡོད་ཚེ། འབྲེལ་ཡོད་ལས་སྒོ་སྤེལ་མཁན་རྩ་འཛུགས་སམ་ཡང་ན་མི་སྒེར་གྱིས་ངེས་པར་དུ་འཕྲིན་གཏོང་སྒྲིག་བཀོད་ཀྱི་བདག་དབང་ཡོད་མཁན་ལ་སྔོན་ཚུད་ནས་བརྡ་ཐོ་གཏོང་དགོས་པ་མ་ཟད། དགོས་ངེས་ཀྱི་བདེ་སྲུང་ཉེན་འགོག་བྱ་ཐབས་ནུས་ལྡན་སྤྱོད་དགོས།
གོང་འཁོད་གཏན་འབེབས་ལས་འགལ་ཏེ་འཕྲིན་གཏོང་སྒྲིག་བཀོད་ཀྱི་བདེ་འཇགས་སམ་ཡང་ན་སྐུད་ལམ་ཤར་གཏོང་ལ་འགོག་རྐྱེན་བཟོས་ཚེ། ངེས་པར་དུ་ཉམས་བཟོའམ་ཡང་ན་སྔར་བཞིན་སླར་གསོ་བྱེད་དགོས་པ་མ་ཟད། དེ་ལས་གྱོང་གུན་བྱུང་རིགས་ལ་སྐྱིན་ཚབ་ཀྱང་འཇལ་དགོས།
དོན་ཚན་ཉེར་བཞི་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ཐོལ་བྱུང་དོན་རྐྱེན་གྱི་འཕྲལ་སྡོམ་སྔོན་ཇུས་བཟོ་སྐབས་ངེས་པར་དུ་འཕྲལ་མཁོའི་འཕྲིན་གཏོང་འགན་སྲུང་ཐད་སྤྱི་འདོམས་བསམ་གཞིགས་བྱེད་དགོས།
རང་སྐྱོང་ལྗོངས་འཕྲིན་གཏོང་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཐོལ་བྱུང་དོན་རྐྱེན་གྱི་འཕྲིན་གཏོང་འཕྲལ་མཁོའི་འགན་སྲུང་སྔོན་ཇུས་བཟོ་དགོས་ཤིང་། གློག་འཕྲིན་ལས་སྒོ་གཉེར་མཁན་གྱིས་འཕྲིན་གཏོང་སྒྲིག་བཀོད་ཀྱི་ཐོལ་བྱུང་དོན་རྐྱེན་གྱི་འཕྲལ་སྡོམ་སྔོན་ཇུས་བཟོ་བར་མཛུབ་སྟོན་བྱེད་པ་དང་། སྔོན་བརྡ་གཏོང་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གནོད་འགོག་གེགས་སེལ་གུད་སྐྱོབ་ཀྱི་ཞབས་ཞུའི་འགན་སྲུང་ནུས་པ་ཆེ་རུ་བཏང་ནས་འཕྲིན་གཏོང་སྒྲིག་བཀོད་སྐྱོན་བྲལ་བེད་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས། འབྲེལ་ཡོད་སྡེ་ཚན་གཞན་དག་གིས་ངེས་པར་དུ་འཕྲིན་གཏོང་སྒྲིག་བཀོད་ཀྱི་བདེ་འཇགས་དང་འཕྲིན་གཏོང་ཉེན་སེལ་ལས་དོན་ཡག་པོ་སྒྲུབ་ཐུབ་པ་བྱ་རྒྱུར་སྟབས་བདེ་སྐྲུན་དགོས།
གློག་འཕྲིན་ལས་སྒོ་གཉེར་མཁན་གྱིས་ངེས་པར་དུ་ཁེ་ལས་དེ་དང་འཚམ་པའི་འཕྲལ་སྡོམ་སྔོན་ཇུས་བཟོ་བ་དང་། འཕྲིན་གཏོང་གི་འཕྲལ་མཁོའི་དཔུང་ཁག་བཙུགས་ནས་འཕྲལ་སྡོམ་ཐག་གཅོད་བྱེད་ནུས་ཆེ་རུ་གཏོང་དགོས།
དོན་ཚན་ཉེར་ལྔ་པ། ཐོལ་བྱུང་དོན་རྐྱེན་ནམ་ཡང་ན་འཕྲིན་གཏོང་སྒྲིག་བཀོད་ལ་མིས་གཏོར་སྐྱོན་བཏང་བའི་རྐྱེན་གྱིས་འཕྲིན་གཏོང་ལས་སྒོ་གཉེར་མཚམས་ཆད་པའི་རིགས། གློག་འཕྲིན་ལས་སྒོ་གཉེར་མཁན་གྱིས་ངེས་པར་དུ་འབྲེལ་ཡོད་འཕྲལ་སྡོམ་སྔོན་ཇུས་གཞིར་བཟུང་སྔོན་ལ་མྱུར་བཟོ་བྱེད་དགོས་པ་མ་ཟད། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་དུས་ཐོག་ཏུ་སྙན་སེང་ཞུ་དགོས།
འཕྲལ་མཁོའི་འཕྲིན་གཏོང་འགན་སྲུང་དང་། འཕྲིན་གཏོང་སྒྲིག་བཀོད་མྱུར་བཟོ། ཉེན་སེལ་ལས་འགན་བཅས་སྒྲུབ་པར་མཁོ་བའི་རླངས་འཁོར་ཡིན་ཕྱིན། ས་གནས་དེ་གའི་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཚན་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་རྗེས། འགྲིམ་འགྲུལ་བདེ་འཇགས་ཤར་སྐྱོད་ཐུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག རླངས་འཁོར་ཤར་བགྲོད་བྱེད་མི་ཆོག་པའི་མཚོན་རྟགས་སྣ་ཚོགས་ཀྱི་ཚོད་འཛིན་མི་ཐེབས།
འབྲེལ་ཡོད་རྩ་འཛུགས་དང་མི་སྒེར་གྱིས་ངེས་པར་དུ་འཕྲལ་མཁོའི་འཕྲིན་གཏོང་འགན་སྲུང་དང་། དེ་བཞིན་འཕྲིན་གཏོང་སྒྲིག་བཀོད་མྱུར་བཟོ་དང་། ཉེན་ཁ་མྱུར་སེལ་བཅས་བྱེད་པར་སྟབས་བདེ་སྐྲུན་དགོས་ལ། འཕྲིན་གཏོང་སྒྲིག་བཀོད་མྱུར་བཟོ་དང་། ཉེན་སེལ་རླངས་འཁོར་དང་ལས་མི་འཕྲིན་གཏོང་འགན་སྲུང་གི་འཕྲལ་མཁོའི་ཐག་གཅོད་བྱེད་སའམ་ཡང་ན་འཕྲིན་གཏོང་སྒྲིག་བཀོད་མྱུར་བཟོ་དང་ཉེན་སེལ་བྱ་ཡུལ་དངོས་སུ་སྐྱོད་པར་འགོག་རྐྱེན་བཟོ་མི་ཆོག
དོན་ཚན་ཉེར་དྲུག་པ། ཛ་དྲག་གི་གནས་ཚུལ་འོག་འཕྲིན་གཏོང་སྒྲིག་བཀོད་མྱུར་བཟོ་དང་ཉེན་སེལ་བྱེད་དགོས་ཚེ། གྲོང་ཁྱེར་གྱི་འགྲོ་ལམ་དང་སྐྱེད་ཚལ་སོགས་སྤྱི་པའི་སྒྲིག་བཀོད་ཐོག་སྔོན་ལ་ཨར་ལས་བྱས་ཆོག་པ་མ་ཟད། སྤྱི་བདེ་དང་། འགྲིམ་འགྲུལ་སྐྱེལ་འདྲེན། ནགས་ལས་རྩྭ་ཐང་། གྲོང་ཁྱེར་དོ་དམ་སོགས་སྡེ་ཚན་ལ་དུས་ཐོག་ཏུ་བརྡ་ཐོ་གཏོང་དགོས། ཨར་ལས་མཇུག་བསྒྲིལ་རྗེས་ཁྲིམས་ལྟར་འབྲེལ་ཡོད་འགྲོ་ལུགས་གསབ་གཉེར་བྱེད་དགོས་ལ། གྱོང་གུན་བཟོས་ཚེ་ཁྲིམས་ལྟར་སྐྱིན་ཚབ་འཇལ་དགོས།
ལྡོག་ཐབས་མེད་པའི་རྐྱེན་གྱིས་ཤིང་སྡོང་འགྱེལ་བའམ་ཡང་ན་འཁྱོག་ནས་མཐོ་ཁྲིད་འཕྲིན་གཏོང་སྐུད་ལམ་གྱི་བདེ་འཇགས་ལ་ཉེན་ཁ་བཟོས་ཚེ། གློག་འཕྲིན་ལས་སྒོ་གཉེར་མཁན་གྱིས་སྔོན་ལ་ཡོ་སྐྱོར་རམ་ཡང་ན་འབྲེག་གཅོད་བྱེད་ཆོག་པ་མ་ཟད། དུས་ཐོག་ཏུ་འབྲེལ་ཡོད་སྡེ་ཚན་ལ་སྙན་སེང་ཞུས་ནས་ལྗོན་ཤིང་གི་བདག་དབང་ཡོད་མཁན་ནམ་ཡང་ན་དོ་དམ་པར་བརྡ་ཐོ་གཏོང་དགོས།
ཉེན་སེལ་གུད་སྐྱོབ་སོགས་དམིགས་བསལ་དང་ཛ་དྲག་གི་གནས་ཚུལ་ཐོན་པར་ཁྲིམས་ལྟར་འཕྲལ་མཁོའི་ཐག་གཅོད་བྱེད་ཐབས་སྤྱད་དེ་གནའ་ཤིང་དང་གྲགས་ཤིང་གཅོད་དགོས་ཚེ། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ལག་བསྟར་བྱེད་དགོས།
དོན་ཚན་ཉེར་བདུན་པ། རྩ་འཛུགས་གང་ཞིག་དང་མི་སུ་ཞིག་ཡིན་རུང་མི་གཞན་གྱི་འཕྲིན་གཏོང་སྒྲིག་བཀོད་རང་འཚམ་གྱིས་བཟོ་བཅོས་སམ་ཡང་ན་སྤོ་སྒྱུར་བྱས་མི་ཆོག ཨར་སྐྲུན(བཟོ་བཀོད)དངོས་པོ་དང་། གཞུང་ལམ། ལྕགས་ལམ། ཟམ་པ། ཕུག་ལམ། གྲོང་ཁྱེར་གྱི་འགྲོ་ལམ། ཞིང་ཁའི་ཆུ་བེད་ལས་གྲྭ་སོགས་འཛུགས་སྐྲུན་བྱེད་དགོས་རྐྱེན། འཕྲིན་གཏོང་སྒྲིག་བཀོད་བཟོ་བཅོས་སམ་ཡང་ན་སྤོ་སྒྱུར་བྱེད་དགོས་ངེས་ཡིན་ཚེ། ངེས་པར་དུ་འཕྲིན་གཏོང་སྒྲིག་བཀོད་ཀྱི་བདག་དབང་ཡོད་མཁན་གྱི་མོས་མཐུན་ཐོབ་དགོས་པ་དང་། བཟོ་བཅོས་སམ་ཡང་ན་སྤོ་སྒྱུར་བྱེད་པའི་བླང་བྱ་འདོན་མཁན་རྩ་འཛུགས་དང་མི་སྒེར་གྱིས་དེར་མཁོ་བའི་འགྲོ་གྲོན་གཏོང་འགན་འཁུར་དགོས་པ་མ་ཟད། དེ་འབྲེལ་དཔལ་འབྱོར་གྱོང་གུན་སྐྱིན་ཚབ་འཇལ་དགོས།
འཕྲིན་གཏོང་སྒྲིག་བཀོད་བཟོ་བཅོས་སམ་ཡང་ན་སྤོ་སྒྱུར་བྱེད་སྐབས་ངེས་པར་དུ་སྔོན་ལ་འཛུགས་སྐྲུན་དང་རྗེས་སུ་བཤིག་རྒྱུའི་རྩ་དོན་མཐའ་འཁྱོངས་བྱེད་དགོས་པ་ལས་སྔར་ཡོད་འཕྲིན་གཏོང་ཞབས་ཞུའི་ཆུ་ཚད་དང་སྤུས་ཚད་ཀྱི་ཚད་གཞི་དམའ་རུ་གཏོང་མི་ཆོག
དོན་ཚན་ཉེར་བརྒྱད་པ། རྩ་འཛུགས་གང་དང་མི་སུ་ཞིག་ཡིན་རུང་གཤམ་གསལ་གྱི་འཕྲིན་གཏོང་སྒྲིག་བཀོད་ཀྱི་བདེ་འཇགས་ལ་གནོད་པའི་བྱེད་སྤྱོད་རིགས་སྤེལ་མི་ཆོག་པ་སྟེ།
(གཅིག)འཕྲིན་གཏོང་སྒྲིག་བཀོད་བཙན་བཟུང་དང་། ཧམ་འཕྲོག རྐུ་ཁྱེར། གཏོར་སྐྱོན་གཏོང་བ་བཅས་བྱེད་པའི་རིགས་དང་།
(གཉིས)འཕྲིན་གཏོང་སྒྲིག་བཀོད་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་ཁོངས་ནང་ཤོག་བྱ་དང་། མི་མེད་གནམ་གྲུ་སོགས་དམའ་དབྱིངས་སུ་འཕུར་བའི་དངོས་པོ་གློད་པའམ་ཡང་ན་འཕྲིན་གཏོང་གི་སྤུས་ཚད་ལ་སྐྱོན་བཟོ་ཉེན་ཡོད་པའི་སྒྲིག་བཀོད་སྒྲིག་སྦྱོར་བྱེད་པའི་རིགས།
(གསུམ)འཕྲིན་གཏོང་སྒྲིག་བཀོད་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་ཁོངས་ནང་བྱེ་མ་སྔོག་པ་དང་། ས་ལེན་པ། ས་སྤུངས་བ། གསོར་འབིགས་རྩད་ཞིབ་བྱེད་པ། ཆུ་ཡུར་འདྲུ་བ་བཅས་བྱེད་པ་དང་། སྐྱག་དོང་དང་། ཕྱུགས་ར། རྫབ་རླངས་སོགས་སྐྲུན་པའི་རིགས།
(བཞི)འཕྲིན་གཏོང་འོད(གློག)སྐུད་སྦས་སའི་སྟེང་དུ་སྐྱུར་ཅན་དང་། བ་ཚྭ་ཅན། ཚྭ་སོགས་རུལ་བསླད་ཅན་གྱི་གཤེར་སྙིགས་སོགས་བཤོ་བའི་རིགས།
(ལྔ)འཕྲིན་གཏོང་སྒྲིག་བཀོད་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་ཁོངས་ནང་ས་རྒོད་འདུལ་སྲེག་དང་། འབར་གཏོར། འབར་གས་སླ་བའི་དངོས་རྫས་སྤུངས་འཇོག་བཅས་བྱེད་པའི་རིགས།
(དྲུག)འཕྲིན་གཏོང་སྒྲིག་བཀོད་ཐོག་དངོས་པོ་ཟུར་སྒྲོག་དང་། སྐྱེ་དངོས་འཁྱུད་པ། ཕྱུགས་ཟོག་གམ་ཡང་ན་དངོས་རྫས་གཞན་དག་འདོགས་པ། འཕྲིན་གཏོང་སྒྲིག་ཆས་སྟེང་དངོས་པོ་གཡུགས་པ། སྦྲེལ་ཚུགས་དང་། གློག་ཤིང་། ལྕགས་སྒྲོམ་བཅས་སྟེང་ལ་འཛེགས་པའི་རིགས།
(བདུན)ཆོག་མཆན་མ་ཐོབ་པར་འཕྲིན་གཏོང་གློག་འདོན་གྱི་རྒྱུད་ཁོངས་ནས་གློག་འདོན་པ་དང་རང་འཚམ་གྱིས་འཕྲིན་གཏོང་སྒྲིག་བཀོད་ཀྱི་གློག་ཁུངས་དང་གློག་སྐུད་གཅོད་པའི་རིགས།
(བརྒྱད)བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་འཕྲིན་གཏོང་སྒྲིག་བཀོད་ཀྱི་བདེ་འཇགས་ལ་གནོད་འཚེ་བཟོ་བའི་བྱེད་སྤྱོད་གཞན་དག་བཅས་སོ།
དོན་ཚན་ཉེར་དགུ་པ། འཕྲིན་གཏོང་སྒྲིག་བཀོད་མཁོ་མེད་སྙིགས་རོ་ཉོ་སྒྲུབ་དང་སྐྱེལ་འདྲེན་བྱེད་མཁན་ཚན་པས་ངེས་པར་དུ་མཁོ་མེད་ལྕགས་རོ་ཉོ་སྒྲུབ་དང་བསྐྱར་སྤྱོད་ཐོན་ཁུངས་བསྡུ་བའི་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་ཞུས་ནས་འཚོང་སྒྱུར་ཚན་པ་དང་སྐྱེལ་འདྲེན་ཚན་པས་འབྲི་སྤྲོད་བྱས་པའི་ཚོང་སྒྱུར་དང་སྐྱེལ་འདྲེན་བྱས་པའི་དཔང་ཡིག་ལ་དཔྱད་ཞིབ་བྱེད་པ་མ་ཟད་ཉར་ཚགས་བྱེད་དགོས་པ་དང་། ཚོང་པ་དང་དེ་བཞིན་འཚོང་སྒྱུར་དངོས་པོ། སྐྱེལ་འདྲེན་བྱེད་མཁན། སྐྱེལ་འདྲེན་དངོས་ཟོག་བཅས་ཀྱི་འབྲེལ་ཡོད་ཆ་འཕྲིན་ཇི་མ་ཇི་བཞིན་འགོད་དགོས།
དོན་ཚན་སུམ་ཅུ་པ། འཕྲིན་གཏོང་སྒྲིག་བཀོད་བེད་སྤྱོད་བྱེད་མཚམས་བཞག་པ་དང་མུ་མཐུད་ཉར་ཚགས་བྱེད་མི་དགོས་ཚེ། འཕྲིན་གཏོང་སྒྲིག་བཀོད་བདག་དབང་ཡོད་མཁན་གྱིས་ངེས་པར་དུ་དུས་ཐོག་ཏུ་བཤིག་དགོས་པ་མ་ཟད། གཙང་སེལ་ལས་དོན་ཡག་པོ་སྒྲུབ་དགོས།
ལེའུ་བཞི་པ། ལྟ་སྐུལ་དོ་དམ་བྱེད་ཕྱོགས།
དོན་ཚན་སོ་གཅིག་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་འཕྲིན་གཏོང་སྒྲིག་བཀོད་འཛུགས་སྐྲུན་དང་སྲུང་སྐྱོབ་བྱེད་པར་ལྟ་སྐུལ་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། འཕྲིན་གཏོང་དང་། དཔལ་འབྱོར་དང་ཆ་འཕྲིན་ཅན། སྤྱི་བདེ། རང་བྱུང་ཐོན་ཁུངས། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། འགྲིམ་འགྲུལ་སྐྱེལ་འདྲེན། གྲོང་ཁྱེར་དོ་དམ་སོགས་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ཏེ་འཕྲིན་གཏོང་སྒྲིག་བཀོད་འཛུགས་སྐྲུན་དང་སྲུང་སྐྱོབ་བྱ་རྒྱུའི་ཆ་འཕྲིན་སྤེལ་རེས་ལམ་སྲོལ་བཙུགས་ཐོག ཆ་འཕྲིན་མཉམ་སྤྱོད་ཡོང་བར་སྐུལ་འདེད་བཏང་ནས་དོ་དམ་མཉམ་ཤུགས་ཆགས་པར་བྱེད་དགོས།
དོན་ཚན་སོ་གཉིས་པ། རང་སྐྱོང་ལྗོངས་འཕྲིན་གཏོང་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་འཕྲིན་གཏོང་སྒྲིག་བཀོད་འཛུགས་སྐྲུན་དང་སྲུང་སྐྱོབ་བྱེད་པའི་འབྲེལ་ཡོད་ལྟ་སྐུལ་ཞིབ་བཤེར་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། ཆེད་དམིགས་ཞིབ་བཤེར་དང་ཞུ་གཏུག་བྱེད་ལམ་ཤར་གཏོང་ཐུབ་པ་སོགས་ཀྱི་བྱེད་ཐབས་བརྒྱུད། གློག་འཕྲིན་ལས་སྒོ་གཉེར་མཁན་གྱི་བྱེད་སྒོར་ལྟ་སྐུལ་བྱས་ཏེ་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱེད་དགོས།
དོན་ཚན་སོ་གསུམ་པ། རང་སྐྱོང་ལྗོངས་ཀྱི་འཕྲིན་གཏོང་གཙོ་འགན་སྡེ་ཚན་གྱིས་འཕྲིན་གཏོང་སྒྲིག་བཀོད་འཛུགས་སར་བསྐྱོད་དེ་ལས་ཡུལ་དངོས་ཀྱི་ཞིབ་བཤེར་བྱེད་པ་དང་སྦྲགས། འབྲེལ་ཡོད་རྩ་འཛུགས་དང་མི་སྒེར་གྱི་ས་ནས་གནས་ཚུལ་རྟོགས་ཐབས་བྱས་ཆོག་པ་མ་ཟད། ཞིབ་བཤེར་བྱ་རྒྱུའི་དོན་དག་དང་འབྲེལ་བ་ཡོད་པའི་ཡིག་ཆ་དང་དཔྱད་ཡིག་ལྟ་བཤེར་དང་བསྐྱར་པར་བྱས་ཆོག
ཞིབ་བཤེར་བྱ་ཡུལ་རྩ་འཛུགས་དང་མི་སྒེར་གྱིས་ངེས་པར་དུ་གཞོགས་འདེགས་བྱས་ནས་གནས་ཚུལ་ཇི་མ་ཇི་བཞིན་གསལ་ཞུ་དང་། འབྲེལ་ཡོད་དཔྱད་ཡིག་ལ་མཁོ་འདོན་བྱེད་དགོས་པ་ལས་དང་ལེན་མི་བྱེད་པ་དང་འགོག་རྐྱེན་བཟོ་རིགས་བྱེད་མི་ཆོག
དོན་ཚན་སོ་བཞི་པ། རང་སྐྱོང་ལྗོངས་ཀྱི་འཕྲིན་གཏོང་གཙོ་འགན་སྡེ་ཚན་དང་དེས་མངགས་བཅོལ་བྱས་པའི་ཆེད་ལས་སྒྲིག་གཞིའི་ལས་བྱས་ཞིབ་བཤེར་བྱ་ཡུལ་ཚན་པའི་རྒྱལ་ཁབ་ཀྱི་གསང་བ་དང་། ཚོང་ལས་ཀྱི་གསང་བ། ལས་ཀའི་གསང་བ། ལག་རྩལ་གྱི་གསང་བ། མི་སྒེར་གྱི་གསང་བ་བཅས་ཕྱིར་གྱར་མི་ཆོག
དོན་ཚན་སོ་ལྔ་པ། འཕྲིན་གཏོང་སྒྲིག་བཀོད་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཁྲིམས་འགལ་བྱེད་སྤྱོད་རིགས་རྩ་འཛུགས་གང་ཞིག་དང་མི་སུ་ཞིག་ཡིན་རུང་སྤྱི་བདེ་ལས་ཁུངས་སམ་ཡང་ན་འཕྲིན་གཏོང་གཙོ་འགན་སྡེ་ཚན་ལ་གྱོད་དོན་སྙན་དཔོད་ཞུ་བའམ་ཐེར་འདོན་བྱས་ཆོག
འཕྲིན་གཏོང་སྒྲིག་བཀོད་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཁྲིམས་འགལ་བྱེད་སྤྱོད་ཐེར་འདོན་བྱེད་དགོས་པ་དང་། འཕྲིན་གཏོང་སྒྲིག་བཀོད་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་པའི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པའི་རྩ་འཛུགས་དང་མི་སྒེར་ལ་འཕྲིན་གཏོང་གཙོ་འགན་སྡེ་ཚན་ནམ་ཡང་ན་གློག་འཕྲིན་ལས་སྒོ་གཉེར་མཁན་གྱིས་བྱ་དགའ་སྤྲོད་དགོས།
ལེའུ་ལྔ་པ། བཅའ་ཁྲིམས་ཀྱི་འགན་འཁྲི།
དོན་ཚན་སོ་དྲུག་པ། འབྲེལ་ཡོད་རྒྱལ་ཁབ་ལས་ཁུངས་ཀྱིས་འཕྲིན་གཏོང་སྒྲིག་བཀོད་འཛུགས་སྐྲུན་དང་སྲུང་སྐྱོབ་བྱ་རྒྱུའི་འགན་འཁྲི་ཁྲིམས་ལྟར་མ་བསྒྲུབས་པའམ་ཡང་ན་འགན་དབང་གང་བྱུང་དུ་སྤྱོད་པ་དང་། འགན་འཁྲི་སྣང་མེད་དུ་འཇོག་པ། ཉེར་ཕྱོགས་གཡོ་ཟོལ་བྱེད་པ་བཅས་ཀྱི་བྱེད་སྤྱོད་གཞན་དག་ཡོད་ཚེ། ཐད་ཀའི་འགན་འཁྲི་འཁུར་མཁན་གཙོ་བོ་དང་ཐད་ཀའི་འགན་འཁྲི་འཁུར་མཁན་གཞན་དག་ལ་ཁྲིམས་ལྟར་ཆད་པ་གཅོད་དགོས།
དོན་ཚན་སོ་བདུན་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་བའི་བྱེད་སྤྱོད་རིགས་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་ཆད་གཅོད་ཀྱི་གཏན་འབེབས་ཡོད་ཚེ་གཏན་འབེབས་དེ་བཞིན་ལག་བསྟར་བྱ་རྒྱུ།
ལེའུ་དྲུག་པ། ཞར་བྱུང་།
དོན་ཚན་སོ་བརྒྱད་པ། སྲོལ་ཡིག་འདིའི་ནང་འཁོད་པའི་ཐ་སྙད་ཀྱི་གོ་དོན་གཤམ་གསལ།
(གཅིག)འཕྲིན་གཏོང་སྒྲིག་ཆས། དེའི་ནང་སྦྲེལ་ཚུགས་དང་། བར་མཐུད་ས་ཚིགས། རླབས་ཕྲན་ས་ཚིགས། བརྡ་སྐྱེད་ས་ཚིགས། ནང་བཀོད་མ་ལག སྐུད་མེད་ཁྱབ་ཆུང་དྲ་རྒྱའི་མ་ལག སྐུད་ཡོད་མཐུད་ཆས། དྲ་རྒྱ་སྦྲེལ་ཆས། བརྗེ་སྒྱུར་འཕྲུལ་འཁོར། སྐུད་མེད་གློག་འཕྲིན་ཕྱོགས་སྟོན་སྒྲིག་ཆས། ངེས་སྲུང་སྐར་གནས་སྒྲིག་ཆས། གྲངས་འཛིན་ལྟེ་གནས་བཅས་དང་། རིག་ནུས་རྩིས་རྒྱག་དང་། སྤྲིན་རྩིས། མུ་འགྲམ་རྩིས་རྒྱག ཚན་ཚན་ཕྲེང་འབྲེལ། དྲ་ཐོག་གསོག་ཉར། དེ་བཞིན་ཉེར་སྤྱོད་ནུས་ཆེན་རྩིས་འཁོར་དང་ཞབས་ཞུའི་ཡོ་བྱད་སོགས་མཁོ་འདོན་བྱེད་པའི་དངོས་ཁམས་སྒྲིག་བཀོད་བཅས་ཚུད་ཡོད།
(གཉིས)འཕྲིན་གཏོང་སྐུད་ལམ། དེའི་ནང་འཕྲིན་གཏོང་འོད(གློག)སྐུད་དང་། གློག་ཤུགས་གློག་སྐུད། སྐུད་སྒྲིག སྦྲེལ་མཐུད་གློག་སྒམ། གསེད་འགྲེམས་སྐུད་སྒམ། མདོང་ལམ། ཤུར་ལམ། མི་ཁུང(ལག་ཁུང) གློག་ཤིང་ཁྲིད་ལམ(གློག་ཤིང་དང་། འཐེན་ཐག དཔྱངས་ཐག)སོགས་ཀྱི་སྐྱོར་རྟེན་སྲུང་སྐྱོབ་སྒྲིག་ཆས་ཚུད་ཡོད་པ་དང་། དེ་བཞིན་མཚོན་རྟགས་རྡོ་དང་། མཚོན་བྱང་། ཁྲོན་ཁེབས་སོགས་ཞོར་གཏོགས་སྒྲིག་བཀོད་ཀྱང་ཚུད་ཡོད།
(གསུམ)འཕྲིན་གཏོང་གི་ལེ་ལག་སྒྲིག་བཀོད། དེའི་ནང་འཕྲིན་གཏོང་གི་ལྕགས་འབུམ(ལྕགས་འབུམ་གྱི་རྨང་གཞི་དང་ལས་སྟེགས་ཚུད)དང་། ལྕགས་སྒྲོམ། (སྐྱོར་རྟེན་དང་། འདེགས་སྒྲོམ། ཐོག་སྟེང་འགྱོགས་ཤིང་། འཐེན་ཐག) གནམ་སྐུད(ཆ་འཕྲིན་གཏོང་ལེན་གྱི་གནམ་སྐུད་དང་། སྦྲེལ་སྐུད། གནམ་སྐུད་ཕྱི་ཤུན། གནམ་སྐུད་འདེགས་སྐྱོར་ཡན་ལག) ཆ་འཕྲིན་ཚོར་ཆས་བཅས་ཚུད་ཡོད་པ་དང་། དེ་བཞིན་འཕྲིན་གཏོང་སྒྲིག་ཆས་རྒྱུན་གཏན་བཞིན་སྤྱོད་ཐུབ་པའི་འཕྲིན་གཏོང་འཕྲུལ་ཁང་དང་། གློག་ཁུངས་ཁང་། སྒྲིག་ཆས་ཁང་། འཕྲུལ་སྒམ། དྲོད་སྙོམས་ཆས། གློག་རྫས་གསོག་འཇོག བསད་སྤར་གློག་འགོ ཆད་མེད་གློག་ཁུངས། ཉི་ནུས་ཤེལ་ལེབ་སྟེགས། སྣུམ་འཕྲུལ། གློག་གནོན་སྒྱུར་ཆས། ཐོག་ལེན་ས་སྐུད་སྒྲིག་བཀོད། སྐུད་གདང་། སྐུད་མིག སྐས་འཛེགས། མེ་ཟོན་སྒྲིག་ཆས། རྩལ་བརྟེན་ཟོན་ཆས། སྒུལ་ཤུགས་ཁོར་ཡུག་སྒྲིག་ཆས་སོགས་ཞོར་གཏོགས་ལེ་ལག་སྒྲིག་བཀོད་བཅས་ཚུད་ཡོད།
དོན་ཚན་སོ་དགུ་པ། སྲོལ་ཡིག་འདི་2026ལོའི་ཟླ་5ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།
(བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དྲུང་ཡིག་་་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)
འབྲེལ་ཡོད་གསར་འགྱུར།