དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཞུས་ཀྲི་ཝུན་གྱིས་གཞིས་རྩེར་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-28

     ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཞུས་ཀྲི་ཝུན་གྱིས་རུ་སྣེ་ཁྲིད་དེ། གཞིས་རྩེ་གྲོང་ཁྱེར་དུ་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་། དགོན་སྡེའི་རིག་དངོས་སྲུང་སྐྱོབ། དུས་རབས་གསར་པའི་ཤེས་དཔལ་ལག་ལེན། དེ་བཞིན་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་དྲིལ་བསྒྲགས་སློབ་གསོ་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བར་ཕེབས་པ་རེད།

    ཞུས་ཀྲི་ཝུན་གྱིས་ཐང་ག་དང་བྱེ་རིས་སྐོར་གྱི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་འགྲེམས་ཚོང་དང་དེ་བཞིན་སྤོས་ཀྱི་ཐོན་ལས་འཕེལ་རྒྱས་གནས་ཚུལ་ལ་ས་གནས་ས་ཐོག་ཏུ་བརྟག་ཞིབ་གནང་སྐབས། རིག་གནས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། མངོན་མིན་རིག་གནས་ཤུལ་བཞག་སོགས་ཀྱི་ཐོན་ཁུངས་སྤྱད་དེ་ཁྱད་ལྡན་རིག་གནས་ཐོན་ལས་སྟོབས་ཆེར་གཏོང་བ། ལག་རྩལ་གསར་པ་དང་ལས་སྟེགས་གསར་པར་བརྟེན་ནས་ཚོང་ལམ་རྒྱ་ཆེར་གཏོང་བ། རིག་གནས་སྤུས་རྟགས་གཏོད་པ་བཅས་བྱས་ཏེ་ཐོན་ལས་ཀྱི་སྤུས་འབྲས་ལེགས་གཉེར་ལ་བརྟེན་ནས་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད། བཀྲས་ལྷུན་དགོན་དང་ཞ་ལུ་དགོན་དུ་བརྟག་ཞིབ་གནང་སྐབས། ཁོང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དང“འདུ་ཤེས་གསུམ”གྱི་སློབ་གསོ་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ནས་རྒྱལ་གཅེས་རིང་ལུགས་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་རྒྱུན་དུ་སྤེལ་བ་དང་། རིག་དངོས་ཉམས་གསོ་སྲུང་སྐྱོབ་དང་བེད་སྤྱོད་ཞིབ་ཚགས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་རིག་གནས་ཀྱི་མོས་སེམས་ཟབ་ཤོས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    ཞུས་ཀྲི་ཝུན་བསམ་གྲུབ་རྩེ་ཆུས་ལྕང་ལོ་ཁང་གསར་སྡེ་ཁུལ་དུ་ཕེབས་ནས་སྡེ་ཁུལ་གྱི་ཏང་ཡོན་ལས་བྱེད་པ་དང་དེ་བཞིན་སྒྲོག་འགྲེལ་པ་དང་བྱམས་བརྩེའི་གླེང་མོལ་གནང་ཞིང་། ཁོང་གིས། གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་ནི་སྒྲོག་འགྲེལ་གྱི་གཙོ་ཤུགས་དམག་ཡིན་པས། རང་འགུལ་ངང་དཔེ་སྟོན་སྣེ་ཁྲིད་དང་གཞི་རིམ་མི་དམངས་ཀྱི་གནས་ཚུལ་ལ་དམ་པོར་གཞིགས་ནས་གོ་བདེ་ཤེས་སླའི་སྐད་ཆ་དང་ལྟ་འདོད་ལ་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་ཏང་གི་སྲིད་ཇུས་དང་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་བྱས་ཏེ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་ཆབ་སྲིད་དང་། བཅའ་ཁྲིམས། འཕེལ་རྒྱས་བཅས་ཐད་ཀྱི་གོ་ཤེས་ཅན་བརྩོན་ལེན་བྱེད་པར་ཁྲིད་སྟོན་བྱེད་དགོས་ཞེས་གསུངས་པ་རེད།

    ཞུས་ཀྲི་ཝུན་གྱིས་བརྟག་ཞིབ་གནང་སྐབས་ད་དུང་ས་མཐོའི་རིག་དཔལ་རྣམ་པ་ཧུར་ཐག་གཏོད་པ་དང་། སྤྱི་པའི་དཔེ་ཀློག་ཞབས་ཞུ་འཐུས་སྒོ་ཚང་དུ་གཏོང་བ། གཞོན་ནུ་དང་ཡུལ་སྐོར་བར་འཚམ་པའི་རིག་གནས་བསམ་བཀོད་ཐོན་རྫས་གསར་གཏོད་གསར་སྤེལ་བཅས་བྱས་ཏེ། གཞི་རིམ་གྱི་སྤྱི་པའི་རིག་གནས་ཞབས་འདེགས་ཞུ་སྟངས་ཕུན་སུམ་ཚོགས་སུ་གཏོང་དགོས། རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་དང་། ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས། གཞི་རིམ་སྒྲོག་འགྲེལ་སོགས་ཀྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་དེ་བས་དངོས་སྒྲུབ་ནུས་ལྡན་གྱི་བྱ་ཐབས་བརྒྱུད། གཞིས་རྩེའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་གྲོང་ཁྱེར་འཛུགས་གཏོད་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།