དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་གསར་སྒྱུར་ལས་དོན་ལ་བརྟག་ཞིབ་གནང་བར་ཕེབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-27

    ཉེ་ཆར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ལི་ཡིས་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གི་འགན་འཁུར་བློ་མཐུན་སོགས་ལས་གྲུབ་པའི་བརྟག་ཞིབ་ཚོགས་ཆུང་གི་སྣེ་ཁྲིད་དེ་ལྷ་ས་གྲོང་ཁྱེར་གྱི་སྡེ་ཁུལ་རྙིང་པ་སྒྱུར་བཀོད་དང་། ས་འོག་ཆུ་འགྲོ་འཛུགས་སྐྲུན། སྡེ་ལས་ཞབས་ཞུ་སོགས་ཀྱི་ལས་ཀར་བརྟག་ཞིབ་གནང་བར་ཕེབས་ནས། མི་དམངས་གྲོང་ཁྱེར་གྱི་འདུ་ཤེས་ལག་ལེན་མཐར་ཕྱིན་བསྟར་ནས་གྲོང་ཁྱེར་ནང་རྒྱས་རྣམ་པའི་གོང་འཕེལ་གཏོང་རྒྱུ་གཙོ་རྐང་དུ་འཛིན་པ་དང་། གྲོང་ཁྱེར་གྱི་གསར་སྒྱུར་ལས་ཀ་དམ་འཛིན་བྱ་གཞིར་བྱེད་པ། རྨང་གཞིའི་སྒྲིག་བཀོད་དང་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། གྲོང་ཁྱེར་གྱི་མིའི་འཚོ་སྡོད་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ། གསར་གཏོད་དང་། གནས་འཕྲོད། མཛེས་སྡུག མཉེན་གཤིས། ཤེས་དཔལ། རིག་ལྡན་བཅས་ལྡན་པའི་ས་མཐོའི་དེང་རབས་ཅན་གྱི་མི་དམངས་ཀྱི་གྲོང་ཁྱེར་འཛུགས་སྐྲུན་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མང་ཚོགས་ཀྱི་ཐོབ་སྣང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    བརྟག་ཞིབ་ཚོགས་ཆུང་གིས་སྔ་རྗེས་སུ་རྣམ་སྲས་ལྡུམ་རའི་དུས་ཐེངས་དང་པོའི་སྡེ་ཁུལ་དང་། གཏེར་ལས་ཁུལ་ཆུང་། ཡབ་མདའ་ཁྲོམ་གཞུང་བཅས་ཀྱི་ས་འོག་ཆུ་འགྲོ་སྒྱུར་བཀོད་རྣམ་གྲངས་ལས་ཡུལ་དུ་ཕེབས་ནས་སྡེ་ཁུལ་རྙིང་པ་སྒྱུར་བཀོད་དང་། སྡེ་ལས་ཞབས་ཞུ་དོ་དམ། གྲོང་ཁྱེར་གྱི་མདོང་ལམ་འཛུགས་སྐྲུན་སོགས་ཀྱི་ལས་ཀར་གཟིགས་ཞིབ་གནང་བ་རེད། བརྟག་ཞིབ་ཚོགས་ཆུང་གིས། གྲོང་ཁྱེར་གསར་སྒྱུར་ལས་དོན་དེ་དམངས་འཚོའི་བདེ་རྩ་དང་གྲོང་ཁྱེར་གྱི་ཕུགས་ཀྱི་འཕེལ་རྒྱས་དང་འབྲེལ་བ་ཡོད་པས་ཡང་དག་པའི་སྲིད་དོན་བྱས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་ཏེ། འགན་སེམས་འཆང་བཞིན་འབྲེལ་ཡོད་རྣམ་གྲངས་ལ་དམ་འཛིན་ནན་པོ་དང་ཏན་ཏིག་བྱས་ཏེ་རྣམ་གྲངས་འཛུགས་སྐྲུན་ལ་ལོ་རྒྱུས་དང་ལག་ལེན་གྱི་ཞིབ་དཔྱད་ཐུབ་པ་བྱེད་དགོས། འཛུགས་སྐྲུན་དང་དོ་དམ་གལ་ཆེ་མཉམ་འཛིན་དང་ཕྱི་ནང་མཉམ་བཅོས་མཐའ་འཁྱོངས་བྱེད་པ་དང་། ཕར་ཆིན་རྒྱག་པའི་སྙིང་རུས་ལ་བརྟེན་ནས་གྲོང་ཁྱེར་ཞིབ་ཚགས་ཅན་གྱི་བཅོས་སྐྱོང་ལས་དོན་ལ་སྤྱི་འདོམས་དང་དམ་འཛིན་ཡག་པོ་བྱས་ཏེ་གྲོང་ཁྱེར་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཞེས་བསྟན་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།