བོད་རང་སྐྱོང་ལྗོངས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱེད་པའི་དཔེ་སྟོན་སྒྲོག་འགྲེལ་ཚོགས་འདུ་འཚོགས་པ།
ཚེས་21ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱེད་པའི་དཔེ་སྟོན་སྒྲོག་འགྲེལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཀྱི་ཆེད་དོན་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་གདན་དྲངས་པ་དང་། ཀྲུང་དབྱང་མི་རིགས་སློབ་ཆེན་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་སློབ་གླིང་གི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་དང་ལག་བསྟར་ཡོན་ཀྲང་ཡན་ཆིང་གིས་སྒྲོག་འགྲེལ་སྙན་ཞུ་ཕུལ་བ། ཚོགས་ར་གཙོ་བོར་མི་400ལྷག་ཙམ་དང་ས་ཁུལ་དང་གྲོང་ཁྱེར་བདུན་དང་རྫོང(ཆུས་དང་གྲོང་ཁྱེར)74ཡི་མི་3900ལྷག་ཙམ་གྱིས་སྒྲོག་འགྲེལ་ཉན་པ་རེད།
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཀྲི་ཐའོ་ཡིས་སྒྲོག་འགྲེལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
སྒྲོག་འགྲེལ་ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཁྱབ་བསྒྲགས་དང་ལག་བསྟར་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཀྱི་བླང་བྱ་ལྟར། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ལ་བརྩི་བ་དང་། འབྲེལ་ཡོད་སྡེ་ཚན་ཁག་གི་སྟོབས་ཤུགས་སྤྱི་འདོམས་དང་སྨྱན་སྦྱོར་གྱི་ལེགས་ཆ་གང་ལེགས་བཏོན་ཏེ་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་རང་རྟོགས་ངང་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ལ་ཁྲིད་སྟོན་བྱེད་པ། ལྟེ་བའི་ལས་འགན་ལ་དམ་པོར་དམིགས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ལག་བསྟར་ལ་དམ་འཛིན་ཡག་པོ་བྱས་ཏེ་ཁྲིམས་སྐྱོང་གི་གྲུབ་འབྲས་འཕེལ་རྒྱས་ཀྱི་ཕན་འབྲས་དངོས་ལ་བསྒྱུར་རྒྱུར་སྐུལ་འདེད་གཏོང་བ། མཐུན་སྦྱོར་སྐུལ་འདེད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཕྱོགས་ཁག་གི་འགན་འཁྲི་ནན་དུ་བཏང་སྟེ་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པའི་ནན་བཤད་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།