ཀྲུང་དབྱང་བདེ་འཇགས་ཐོན་སྐྱེད་དཔྱད་ཞིབ་སྐོར་ཞིབ་ཚོགས་ཆུང་བཅོ་བརྒྱད་པས་བོད་རང་སྐྱོང་ལྗོངས་ལ་མངོན་བཤེར་ལྐོག་ཞིབ་བྱེད་པའི་ངོ་འཕྲད་ཚོགས་འདུ་ལྷ་སར་འཚོགས་པ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་ལམ་ཚོགས་འདུའི་བཀོད་སྒྲིག་གཞིར་བཟུང་། ཟླ་7ཚེས་15ཉིན་ནས་ཟླ་7ཚེས་29ཉིན་བར། ཀྲུང་དབྱང་བདེ་འཇགས་ཐོན་སྐྱེད་དཔྱད་ཞིབ་སྐོར་ཞིབ་ཚོགས་ཆུང་བཅོ་བརྒྱད་པས་བོད་རང་སྐྱོང་ལྗོངས་ལ་དུས་ཚིགས་གཉིས་པ་དང་གསུམ་པའི་བདེ་འཇགས་ཐོན་སྐྱེད་ཀྱི་མངོན་བཤེར་ལྐོག་ཞིབ་བྱེད་རྒྱུ་རེད། ཟླ་7ཚེས་15ཉིན། དཔྱད་ཞིབ་སྐོར་ཞིབ་ཚོགས་ཆུང་བཅའ་སྡོད་ངོ་འཕྲད་ཚོགས་འདུ་ལྷ་སར་འཚོགས་ཤིང་། དཔྱད་ཞིབ་སྐོར་ཞིབ་ཚོགས་ཆུང་གི་ཙུའུ་ཀྲང་སུང་ཤིན་ཁྲུན་གྱིས་མངོན་བཤེར་ལྐོག་ཞིབ་ལས་དོན་ཡག་པོ་སྒྲུབ་དགོས་པའི་སྐོར་ལ་གསུང་བཤད་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་ཡིས་རྣམ་འགྱུར་མཚོན་པའི་གསུང་བཤད་གནང་བ་རེད།
སུང་ཤིན་ཁྲུན་གྱིས་གསུངས་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ཡོད། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱས་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། (པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་སྤེལ་བ་དང་ཟུང་འབྲེལ་དང་། མིག་སྔའི་བདེ་འཇགས་ཐོན་སྐྱེད་ཀྱི་ཛ་དྲག་དུས་བབ་ལ་ངོས་འཛིན་གསལ་པོ། སྤྱི་ཡོངས་ཀྱི་མཐོ་ཚད་ནས་བདེ་འཇགས་ཐོན་སྐྱེད་ལས་དོན་ཡག་པོ་སྒྲུབ་པའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སྔར་བས་ཆེ་རུ་གཏོང་བ། ལས་འཛོལ་ཚབས་ཆེན་དང་ཧ་ཅང་ཚབས་ཆེན་འགོག་ཟོན་གྱི་འགན་འཁྲི་འཁུར་སེམས་དང་། ལས་འགན་སྒྲུབ་སེམས། དགོས་གཏུགས་ཀྱི་བསམ་པ་ཆེ་རུ་ཏན་ཏིག་གཏོང་བ་བཅས་བྱས་ཏེ། བདེ་འཇགས་ཀྱི་ཉེན་ཁ་ཆེ་རིགས་འགོག་ཟོན་དང་སེལ་བའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་དགོས།
སུང་ཤིན་ཁྲུན་གྱིས་ནན་བཤད་གནང་དོན། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་བཏང་ནས་བདེ་འཇགས་ཐོན་སྐྱེད་ཀྱི་དཔྱད་ཞིབ་སྐོར་ཞིབ་ལས་དོན་གྱི་དམིགས་བསལ་ཅན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། མངོན་བཤེར་ལྐོག་ཞིབ་ལས་དོན་ལ་རྒྱབ་སྐྱོར་དང་གཞོགས་འདེགས་ཧུར་ཐག་ཞུ་བ། ད་ཐེངས་ཀྱི་མངོན་བཤེར་ལྐོག་ཞིབ་ལས་དོན་གྱི་ལས་འགན་ལ་ནན་ཏན་གཞིགས་པ། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་རང་བཤེར་རང་བཅོས་བྱེད་པ། ལས་ཀའི་མི་འདང་ས་མི་འགེབས་པ། འགལ་བ་དང་གནད་དོན་ལ་མི་གཡོལ་བ། བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་གཏོང་བ། གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི“དོན་དག་གཅིག”གི་འཁོར་འབྲེལ་ཧྲིལ་པོའི་བདེ་འཇགས་བཅོས་སྒྲིག་གཏིང་ཟབ་བྱེད་པ། ཁྱབ་ཁོངས་ཁག་གི“ཁྲིམས་མེད་ལ་རྡུང་རྡེག་དང་སྒྲིག་འགལ་ལ་བཅོས་སྒྲིག”བྱེད་པར་སྐུལ་འདེད་ཤུགས་ཆེན་གཏོང་བ། ལྟ་འདོམས་ཁྲིམས་སྒྱུར་གྱི“ཁ་མཐུན་བྱེད་པའི”གནད་དོན་ལ་ཞིབ་བཤེར་ནན་པོ་བྱེད་པ། “གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ལ་བརྟེན་ནས་ལས་འགན་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་སྤྱི་ཚོགས་སྤྱི་ཡོངས་ཀྱི་བརྟན་ལྷིང་འགན་སྲུང་ཏན་ཏིག་བྱེད་དགོས།
རེན་ཝེ་ཡིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་བདེ་འཇགས་ཐོན་སྐྱེད་དེ་ཉིད་སྤྱི་ཡོངས་ལས་དོན་གྱི་གནས་བབ་གལ་ཆེན་ཐོག་འཇོག་པ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པ། ཀྲུང་དབྱང་གི་བདེ་འཇགས་ཐོན་སྐྱེད་ཀྱི་མངོན་བཤེར་ལྐོག་ཞིབ་ལས་དོན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་པ། གཅིག་ཤེས་ཀུན་གྲོལ་དང་གནད་གཅིག་ནས་ཁྱོན་ཡོངས་ལ་ཁྱབ་པ། གནད་དོན་གཙང་སེལ་ལ་དམ་འཛིན་ནན་པོ་བྱེད་པ། ཚད་གཞི་ནན་ཤོས་ལ་བརྟེན་ནས་ཚུར་ལན་གནད་དོན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་བ། བདེ་འཇགས་ཐོན་སྐྱེད་ཀྱི་དུས་བབ་རྒྱུན་མཐུད་བརྟན་ལྷིང་དང་ལེགས་སུ་འགྲོ་བའི་ཐད་བཅོས་སྒྲིག་གི་ཕན་འབྲས་ཏན་ཏིག་མངོན་པ། དཔྱད་ཞིབ་སྐོར་ཞིབ་ཀྱི་གྲུབ་འབྲས་དེ་བདེ་འཇགས་ཀྱི་སྲུང་བཅད་བརྟན་དུ་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་ཞིབ་ཕྲའི་ཕན་འབྲས་ལ་འགྱུར་བ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་སྤྱི་ཡོངས་ཀྱི་བརྟན་ལྷིང་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱེད་དགོས།
རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གྱི་བཀོད་སྒྲིག་གཞིར་བཟུང་། མངོན་བཤེར་ལྐོག་ཞིབ་བྱེད་སྐབས“བརྡ་ཁྱབ་མང་ཙམ་གཏོང་བ་དང་། ལྕག་སྐུལ་ཡི་གེ་མང་ཙམ་སྐུར་བ། ལྐོག་ཞིབ་མང་ཙམ་བྱེད་པ། མངོན་མེད་རྐྱེན་ངན་ཡོད་སར་པར་མང་ཙམ་རྒྱག་པ། ‘ཁ་མཐུན་བྱེད་མཁན’མང་ཙམ་དམར་འདོན”བཅས་མཐའ་འཁྱོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་དམིགས་ནས་ཕྱོགས་ཁག་གིས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་རིམ་པ་བཞིན་གཞི་རིམ་གྱི་འཐབ་ས་དང་པོར་བརྒྱུད་སྤྲོད་ཏན་ཏིག་བྱས་ཡོད་མེད་ལ་ཞིབ་བཤེར་བྱེད་པ་དང་། ལྟ་འདོམས་ཁྲིམས་སྒྱུར་གྱི“ཁ་མཐུན་བྱེད་པའི”གནད་དོན་མངོན་གསལ་དོད་པོར་དམིགས་ནས་འགན་ཤོར་འགན་འཛོལ་གྱི་བྱེད་སྤྱོད་དང་རྒྱབ་ཕྱོགས་ཀྱི་ཁེ་ཕན་འཁོར་འབྲེལ་སྔོག་འདོན་གཏིང་ཟབ་བྱེད་པ། གཙོ་གནད་ལས་རིགས་ཁྱབ་ཁོངས་དང་མང་ཚོགས་ཉེ་འགྲམ་གྱི་ལས་འཛོལ་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་ལ་དམིགས་ནས་ས་གནས་ལ་འགན་འཁྲི་བདའ་འདེད་དང་རྩད་གཅོད་ནན་པོ་བྱེད་པར་རྩིས་སྤྲོད་པ། གནད་དོན་གྱི་མངོན་མེད་རྐྱེན་ངན་གྱི་ཁུངས་སྣེ་བདག་སྤྲོད་དང་སྨྱན་སྦྱོར་གྱི་ཉེན་བརྡ་དང་དམར་འདོན་ལ་དམིགས་ནས་དཔྱད་ཞིབ་སྐོར་ཞིབ་ཀྱི་ཟིལ་ཤུགས་ཆེ་རུ་གཏོང་བ་བཅས་ཕྱོགས་བཞིའི་ཐད་ཀྱི་གཙོ་གནད་ལས་དོན་ཡག་པོ་སྒྲུབ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།