དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ནན་ཏན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-15

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས། བདེ་འཇགས་ཐོན་སྐྱེད་དང་འབྲུབ་འགོག་ཐན་འགོག་གི་གེགས་སེལ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་ནན་ཏན་བྱས་པ་དང་འབྲེལ། རང་ལྗོངས་ཀྱི་ལག་བསྟར་དོན་འཁྱོལ་ལས་དོན་ལ་ཞིབ་འཇུག་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་ཟླ་6ཚེས་30ཉིན་འཚོགས་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲུབ་འགོག་གེགས་སེལ་ལས་དོན་དང་ཧྥུའུ་ཅན་ཆོན་ཀྲོའུ་ཅིན་ཅང་གྲོང་ཁྱེར་གྱི་ལྷམ་བཟོ་གྲྭ་ཞིག་ལ་མེ་སྐྱོན་ཐོན་པར་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ཝང་ཅུན་ཀྲེང་གིས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་བདེ་འཇགས་ཐོན་སྐྱེད་དང་འབྲུབ་འགོག་ཐན་འགོག་གི་གེགས་སེལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས་ང་ཚོས་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་དང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ནས། བདེ་འཇགས་ཐོན་སྐྱེད་དང་འབྲུབ་འགོག་ཐན་འགོག་གི་གེགས་སེལ་ལས་དོན་ཁག་ལ་ཚད་མཐོའི་མཐོང་ཆེན་དང་། ཆབ་སྲིད་ཀྱི་འགན་འཁྲི་དང་ལས་ཀའི་འགན་འཁྲི་ནན་དུ་བཏང་ཐོག སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་ཞིབ་འཇུག་བརྡར་གཅོད། སྔ་ཙམ་ཐག་གཅོད་བཅས་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ཀྱིས་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས། ཉེན་བརྡ་རྒྱུན་སྒྲོག་དང་དོགས་ཟོན་ཆེར་སྐྱེད་མཐའ་འཁྱོངས་བྱེད་པ་དང་། མཐའ་ཚད་ཀྱི་བསམ་བློ་དང་མཐར་ཟད་ཀྱི་བསམ་གཞིག་བརྟན་པོ་འཛུགས་པ། ལྷོད་གཡེང་དང་སྟེས་དབང་གི་བསམ་བློ་མཐའ་གཅིག་ཏུ་ཁྱད་བསད་བྱེད་པ། ཐམས་ཅད་དོན་དངོས་ནས་འགོ་འཛུགས་པ་མཐའ་འཁྱོངས་བཅས་བྱས་ནས། བདེ་འཇགས་ཐོན་སྐྱེད་དང་འབྲུབ་འགོག་ཐན་འགོག་གི་གེགས་སེལ་ལས་དོན་ཡག་པོ་སྒྲུབ་པའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་ཏན་ཏིག་བཏང་སྟེ། རྟག་ཏུ་བློ་བཟོད་མི་བདེ་བ་དང་ལས་དོན་ཚང་མར་གདེང་ཚོད་ཡོད་པར་བྱེད་དགོས། མི་དམངས་གོང་དུ་བཀུར་བ་དང་། ཚེ་སྲོག་གོང་དུ་བཀུར་བ། སྔོན་འགོག་གཙོ་བོར་འཛིན་པ་བཅས་མཐའ་འཁྱོངས་བྱས་ཐོག གཙང་པོ་དང་། འཁྱགས་རོམ། མཚོ་མོ། ཆུ་ལོག་དང་རི་ཉིལ་དང་འདམ་རྡོའི་ཆུ་རུད་བཅས་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་ཡོད་ས། རྣམ་གྲངས་བསྐྲུན་ཡུལ་སོགས་གཙོ་གནད་ས་ཁོངས་དང་འགག་རྩའི་དུས་མཚམས་ལ་དམ་པོར་དམིགས་ནས་ལས་རེས་བརྟན་སྲུང་ལ་ཤུགས་སྣོན་རྒྱག་པ་དང་།  འགོག་ཟོན་བྱེད་ཐབས་ཁག་དོན་འཁྱོལ་ཞིབ་ཚགས་བྱེད་པ། མངོན་མེད་རྐྱེན་ངན་གྲལ་བཤེར་དང་སེལ་བ། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གནད་ལ་འཁེལ་ཚད་སྔར་བས་མཐོ་རུ་གཏོང་བ་བཅས་བྱས་ཏེ་ལྟ་ཞིབ་ཚད་ལེན་ཡང་དག་དང་། སྔོན་བརྡ་གནད་སྨིན། ཉེན་བརྡ་དུས་ཐོག་སྒྲོག་པ་བཅས་ཧུར་ཐག་ཡོང་བར་བྱས་ནས། རང་བྱུང་གནོད་འཚེར་ཁ་གཏད་གཅོག་པའི་ལས་དོན་ཁག་ཏན་ཏིག་སྒྲུབ་དགོས། སྤྱི་པའི་བདེ་འཇགས་ལས་དོན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་དང་། དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བ་དམ་པོར་འཛིན་པ། “མངོན་མེད་རྐྱེན་ངན་ནི་ལས་འཛོལ་ཡིན་པའི”འདུ་ཤེས་བརྟན་པོ་འཛུགས་པ་བཅས་བྱས་ནས། ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་གྲལ་བཤེར་དང་བཅོས་སྒྲིག་གཏིང་ཟབ་བྱེད་པ་དང་། འཕྲལ་སྡོམ་དོ་དམ་གྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། འཕྲལ་སྡོམ་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་པ། བདེ་འཇགས་ཐོན་སྐྱེད་ཀྱི་ལྟ་འདོམས་ཁྲིམས་སྒྱུར་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་བཅས་བྱས་ཏེ་ལས་འཛོལ་ཚབས་ཆེན་མཐའ་གཅིག་ཏུ་མི་ཐོན་པར་བྱེད་དགོས། བརྒྱུད་རིམ་ལྡན་པའི་ལྟ་བ་མཐའ་འཁྱོངས་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོར་བཙུགས་ནས་ལག་ལེན་བསྟར་བ། བདེ་འཇགས་ཐོན་སྐྱེད་དང་འབྲུབ་འགོག་ཐན་འགོག་གི་གེགས་སེལ་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ། བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་དང་། སྔོན་ཚུད་ནས་གྲ་སྒྲིག སྤྱི་འདོམས་མཐུན་སྦྱོར། བཀོད་འདོམས་བཀོད་གཏོང་བཅས་ལ་ཤུགས་སྣོན་རྒྱག་པ། སྔོན་ཚུད་བཀོད་འདོམས་དང་ནུས་ཆེའི་རོགས་ལས་ཐུབ་པར་བྱས་ཏེ་ལས་ཀའི་མཉམ་ཤུགས་ཏན་ཏིག་ཆགས་པ་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྐོར་གཟིགས་དག་ཐེར་དང་གསར་སྤེལ་ཁུལ་གྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། རང་སྐྱོང་ལྗོངས་ཀྱི་གསར་སྤེལ་ཁུལ་དུ་གནས་པའི་གནད་དོན་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་དག་ཐེར་བྱེད་པ་དང་ཆབས་ཅིག དག་ཐེར་བྱས་འབྲས་དེ་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཕན་འབྲས་དངོས་ལ་འགྱུར་བར་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། བརྒྱུད་རིམ་ལྡན་པའི་བསམ་ཕྱོགས་ལེགས་སུ་གཏོང་བ། གནད་དོན་རྒྱབ་ཀྱི་བསམ་བློའི་འབྱུང་རྩ་དང་། ལམ་ལུགས་ཀྱི་ཞན་ཆ། བཅོས་སྐྱོང་གི་ཞན་ཆ་བཅས་བཤེར་འདོན་གཏིང་ཟབ་བྱེད་པ། གཙོ་གནད་འབུར་དུ་ཐོན་པར་བྱས་ནས་དག་ཐེར་ལས་དོན་ལ་དམ་འཛིན་དང་། གཅིག་ཤེས་ཀུན་གྲོལ་བྱས་ནས་དག་ཐེར་ལས་དོན་ལ་དམ་འཛིན། འཕེལ་རྒྱས་ལ་དམིགས་ནས་དག་ཐེར་ལས་དོན་ལ་དམ་འཛིན་བཅས་མཐའ་འཁྱོངས་བྱས་ཐོག རིགས་དབྱེ་ཇུས་བསྟར་དང་འབེན་གཏད་བཅོས་སྒྲིག་བྱས་ཏེ་གནད་དོན་གཅིག་ཐག་གཅོད་བྱེད་པ་ནས་གནད་དོན་རིགས་གཅིག་དངོས་འབྲེལ་ཐག་གཅོད་ཐུབ་པར་བྱས་ཏེ། ཆེད་དོན་བཅོས་སྒྲིག་ལ་བརྟེན་ནས་ས་ཁོངས་ཧྲིལ་པོའི་གནད་དོན་ཐག་གཅོད་ཐུབ་པར་སྐུལ་འདེད་གཏོང་དགོས། གསར་སྤེལ་ཁུལ་གྱི་དོ་དམ་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་བྱེད་ནུས་ཀྱི་ངེས་གནས་ཁ་གསལ་བཟོ་བ་དང་། རྩེ་རིམ་ཇུས་འགོད་བྱེད་ཤུགས་ཆེ་རུ་གཏོང་བ། ཐོན་ལས་ཀྱི་བཀོད་པ་ལེགས་སུ་གཏོང་བ། གསར་གཏོད་ནུས་པ་དང་ཐོན་ཁུངས་རྒྱུ་རྐྱེན་སྡེབ་སྒྲིག་བྱེད་པའི་ལས་ཕྱོད་ཆེ་རུ་ཤུགས་ཆེན་གཏོང་བ། ལྗང་མདོག་ཕྱོགས་སྒྱུར་མགྱོགས་སུ་གཏོང་བ། ཁྱུ་ཚོགས་ཀྱི་ལེགས་ཆ་གཏོད་པ། ནང་སྐྱེས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། གསར་སྤེལ་ཁུལ་ཁག་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་བྱེད་པའི་གཞི་རྟེན་གལ་ཆེན་དུ་གཏོད་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། དག་ཐེར་གྱི་འགན་འཁྲི་ནན་དུ་གཏོང་བ། ཕྱི་ཚུལ་རིང་ལུགས་བཀག་འགོག་མཐའ་གཅིག་ཏུ་བྱེད་པ། ལྟ་སྐུལ་ཞིབ་བཤེར་ནན་པོ་བྱེད་པ། རྒྱུན་རྣམ་དང་ཕུགས་ཕན་གྱི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། ཆེད་དོན་དག་ཐེར་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།