ཞུས་ཀྲི་ཝུན་གྱིས་བསམ་ཡས་དགོན་དུ་ལྟ་སྐུལ་མཛུབ་ཁྲིད་དང་ལྷོ་ཁ་གྲོང་ཁྱེར་གྱི་འབྲེལ་ཡོད་ལས་དོན་ལ་བརྟག་ཞིབ་གནང་བ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཞུས་ཀྲི་ཝུན་བསམ་ཡས་དགོན་དུ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་བར་ཕེབས་ནས་དགོན་སྡེའི་བདེ་འཇགས་བརྟན་ལྷིང་དང་བསམ་བློའི་སློབ་གསོ་སོགས་ཀྱི་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ནས་མེ་ཟོན་དང་རིག་དངོས་སྲུང་སྐྱོབ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བླང་བྱ་བཏོན་གནང་བ་རེད། ཁོང་གིས། སྲུང་སྐྱོབ་ཨང་དང་པོར་འཇོག་པ་དང་། མྱུར་སྐྱོབ་སྔོན་ལ་འཇོག་པ། ཚན་རིག་དང་མཐུན་པའི་དོ་དམ་སྲུང་སྐྱོབ་བྱེད་པ། ལུགས་མཐུན་བེད་སྤྱོད་བཅས་མཐའ་འཁྱོངས་བྱས་ཏེ་རིག་དངོས་ཉམས་གསོ་སྲུང་སྐྱོབ་དང་ལོ་རྒྱུས་རིག་གནས་ཀྱི་ཐོན་ཁུངས་སྔོག་འདོན་ཡག་པོ་བྱས་ནས་རིག་དངོས་བདེ་འཇགས་སྲུང་སྐྱོབ་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་ཏན་ཏིག་གཏོང་དགོས་ཞེས་གསུངས་པ་རེད།
དེ་རྗེས་ཞུས་ཀྲི་ཝུན་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱི་ཁྱད་ལྡན་དམངས་སྲོལ་གནས་ཚང་དུ་བསྐྱོད་དེ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་དང་མང་ཚོགས་འབབ་འཕར་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཁོང་གིས། རིག་གནས་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་། དམངས་སྲོལ་གནས་ཚང་གི་ཡུལ་སྐོར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཐོན་ལས་ནུས་ཤུགས་ཡོད་རྒུས་གཏོད་དགོས་ཞེས་གསུངས་པ་རེད།
ལྷོ་ཁ་གྲོང་ཁྱེར་རྟེན་མཛོད་ཁང་དུ་བརྟག་ཞིབ་གནང་སྐབས་ཞུས་ཀྲི་ཝུན་གྱིས་རིག་དངོས་འགྲེམས་སྟོན་གྱི་ནང་དོན་ལ་ནན་ཏན་ངང་གཟིགས་ནས་རིག་དངོས་དང་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་གསོན་སྒྱུར་བེད་སྤྱོད་ཀྱི་གནས་ཚུལ་མཁྱེན་རྟོགས་ཟབ་མོ་གནང་ཞིང་། ཁོང་གིས། རིག་དངོས་དང་། མངོན་མིན་རིག་གནས་ཤུལ་བཞག གནའ་བོའི་རྗེས་ཤུལ་སོགས་ཀྱི་ཐོན་ཁུངས་གང་ལེགས་སྤྱད་དེ་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་བཏང་ནས་རིག་དངོས་ཀྱི་རྒྱབ་ཕྱོགས་ནས་མངོན་པའི་མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་གསོན་ཉམས་དོད་པའི་གཏམ་རྒྱུད་ཡག་པོ་བརྗོད་དེ་མི་རིགས་ཁག་གི་མང་ཚོགས་ཀྱི་གཏིང་རིམ་གྱི་རིག་གནས་ཀྱི་མོས་སེམས་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།