ཝང་ཅུན་ཀྲེང་གིས་ཀུང་ཀྲེང་གིས་སྣེ་ཁྲིད་གནང་བའི་ཧྲང་ཧའེ་གྲོང་ཁྱེར་གྱི་འཐུས་མི་ཚོགས་པ་དང་བཞུགས་མོལ་གནང་བ།

ཟླ་7ཚེས་7ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་ཀུང་ཀྲེང་གིས་སྣེ་ཁྲིད་གནང་བའི་འཐུས་མི་ཚོགས་པ་བཅས་པ་དང་བཞུགས་མོལ་གནང་བ།
ཟླ་7ཚེས་6ནས་9ཉིན་བར། ཧྲང་ཧའེ་གྲོང་ཁྱེར་གྱི་འཐུས་མི་ཚོགས་པས་བོད་དུ་རྟོག་ཞིབ་གནང་ཞིང་། ཚེས་7ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་ཀུང་ཀྲེང་གིས་སྣེ་ཁྲིད་གནང་བའི་འཐུས་མི་ཚོགས་པ་བཅས་པ་དང་བཞུགས་མོལ་གནང་བ་རེད།
ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཧྲང་ཧའེ་གྲོང་ཁྱེར་གྱི་འཐུས་མི་ཚོགས་པ་བོད་ལ་རྟོག་ཞིབ་ཏུ་ཕེབས་པར་དགའ་བསུ་ཞུས་པ་དང་། ཧྲང་ཧའེ་གྲོང་ཁྱེར་གྱིས་དུས་ཡུན་རིང་པོའི་ནང་བོད་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས། ཧྲང་ཧའེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་པ་དང་། ཁ་གཏད་བོད་སྐྱོར་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་མ་དངུལ་དང་། རྣམ་གྲངས། ཤེས་ལྡན་པ་སོགས་ཀྱི་ཐད་ནས་ནུས་ལྡན་གྱི་ལས་དོན་འབོར་ཆེན་ཏན་ཏིག་བསྒྲུབས་པ། ལྷག་པར་དུ། དིང་རིའི་ཡོམ་འགོག་གེགས་སེལ་དང་སླར་གསོ་བསྐྱར་སྐྲུན་གྱི་ཁྲོད་དུ་མགྱོགས་མྱུར་དང་ལེན་དང་། གདོང་མཆོང་ཕོད་པ། སྐུལ་འདེད་ཏན་ཏིག་བཅས་བཏང་སྟེ་ལས་འགན་ཁག་སྤུས་ལེགས་ནུས་ཆེའི་སྒོ་ནས་ལེགས་སྒྲུབ་ཡོང་བར་འགན་ལེན་བྱས་པ་མ་ཟད། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་ཀྱང་ཕུལ་ཡོད་ཅེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས་བསྟན་དོན། བོད་དང་ཧྲང་ཧའེ་གཉིས་རི་ཆུ་སྟོང་གིས་ཆོད་མོད། འོན་ཀྱང་ས་གནས་གཉིས་ཀྱི་མི་དམངས་ཀྱི་སེམས་པ་ཐོག་མཐའ་བར་གསུམ་དུ་དམ་པོར་སྦྲེལ་ཡོད། སླད་ཕྱིན་ཕྱོགས་གཉིས་པོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིར་དམ་པོར་དམིགས་ཏེ། ཁྱབ་ཁོངས་དེ་བས་ཆེ་བ་དང་། རིམ་པ་དེ་བས་ཟབ་པ། ཆུ་ཚད་དེ་བས་མཐོ་བ་བཅས་ཀྱི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་བྱས་ནས་ལེགས་ཆ་གསབ་རེས་དང་ཐུན་མོང་འཕེལ་རྒྱས་སྔར་བས་ཡག་པོ་ཡོང་བ་བྱེད་པ། བོད་སྐྱོར་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་སློབ་གསོ་དང་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གཏིང་ཟབ་ཏུ་གཏོང་བ་དང་ཤེས་ལྡན་པའི་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ། བོད་སྐྱོར་ལས་དོན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་རྒྱུ། ཐོན་ལས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཁྱད་ལྡན་ཞིང་འབྲོག་ལས་དང་། ནུས་རྒྱུ་གཙང་མ། ཐོན་ཁུངས་ལས་སྣོན། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་སོགས་ཐོན་ལས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། བོད་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་སྔར་བས་ཡག་པོ་འགྱུར་བ་བྱ་རྒྱུ། མི་ཆོས་རིག་གནས་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་བརྟན་དུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་རེ་བ་ཡོད་ཅེས་བསྟན་གནང་བ་རེད།
ཀུང་ཀྲེང་གིས། ཧྲང་ཧའེ་དང་བོད་དབར་གྱི་མཉམ་ལས་ལ་བར་སྟོང་ཡངས་པོ་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་དང་དེ་བཞིན་བོད་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་གྲོང་ཨུད་ཀྱི་བླང་བྱ་གཞིར་བཟུང་། ཚད་ཤིང་བྱེད་པ་དང་། མིག་དཔེ་སྟོན་པ། མདུན་གྲལ་དུ་བསྐྱོད་པ་བཅས་མཐའ་འཁྱོངས། ས་ཁུལ་གཉིས་ཀྱི་མཉམ་ལས་བར་སྟོང་མུ་མཐུད་ཆེ་རུ་གཏོང་བ། ཁ་གཏད་རོགས་སྐྱོར་གྱི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ནས་ཧྲང་ཧའེ་དང་བོད་དབར་གྱི་སྤེལ་རེས་མཉམ་ལས་ཀྱི་ལེའུ་གསར་པ་མཉམ་དུ་རྩོམ་རྒྱུ་ཡིན། སླད་ཕྱིན་གཉིས་ཁེ་གཉིས་ཕན་ཡོང་བར་དམིགས་ཏེ་ལྗང་མདོག་ནུས་རྒྱུའི་མཉམ་ལས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་དམངས་ཕྱུག་བོད་དར་ལ་དམིགས་ཏེ་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་དུས་མཚམས་གསར་པར་ཐོན་ལས་ཀྱི་རོགས་སྐྱོར་སྟོབས་ཆེར་གཏོང་བ་དང་། དམངས་འཚོའི་རོགས་སྐྱོར་ཏན་ཏིག་བྱེད་པ། མི་རིགས་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་འགོ་འཛུགས་ས་གསར་པར་ཁ་གཏད་བོད་སྐྱོར་ལས་དོན་དེ་བས་ཡག་པོ་བསྒྲུབ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
བོད་དུ་བཞུགས་རིང་། འཐུས་མི་ཚོགས་པ་དང་བཅས་པས་གཞིས་རྩེ་དང་ཉིང་ཁྲི་སོགས་སུ་བསྐྱོད་དེ་སྨན་བཅོས་དང་། ཚན་རྩལ། ཐོན་ལས་སོགས་བོད་སྐྱོར་ལས་དོན་སྤེལ་ཚུལ་དང་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཚུལ་སོགས་ལ་རྟོག་ཞིབ་གནང་བ་དང་། ཞིང་འབྲོག་མང་ཚོགས་ལ་འཚམས་འདྲི་གནང་བ། བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པར་གཟིགས་པ་རེད།
འབྲེལ་ཡོད་གསར་འགྱུར།