ཝང་ཅུན་ཀྲེང་གིས་གཞིས་རྩེ་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།

འདི་ནི་ཝང་ཅུན་ཀྲེང་གིས་པ་སྣམ་རྫོང་དབང་ལྡན་ཤང་བཟང་པ་གྲོང་ཚོའི་བུ་བཅོལ་ཁང་དུ་གཞི་རིམ་གྱི་སློབ་ཞུགས་གོང་གི་སློབ་གསོའི་གནས་ཚུལ་མཁྱེན་རྟོགས་གནང་བཞིན་པ།

འདི་ནི་ཝང་ཅུན་ཀྲེང་གིས་ཁ་རོ་ལའི་འཁྱགས་རོམ་འདབས་སུ་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་ཚུར་ལན་གནད་དོན་དག་ཐེར་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་གནང་བཞིན་པ།
ཟླ་7ཚེས་5ཉིན་ནས་ཚེས་7ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་དང་། པ་སྣམ་རྫོང་། བསམ་གྲུབ་རྩེ་ཆུས་བཅས་སུ་བརྟག་ཞིབ་གནང་ཞིང་། ཁོང་གིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་ལས་དོན་སྤྱི་ཡོངས་ལ་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང“དོན་ཆེན་བཞི”དོན་འཁྱོལ་ལ་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་ཡག་པོ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
ཉིན་ཤས་བསྟུད་མར། ཝང་ཅུན་ཀྲེང་གཞི་རིམ་གྱི་འཐབ་ས་དང་པོར་ཕེབས་ནས་ས་ཡུལ་དངོས་སུ་གཟིགས་པ་དང་། སྙན་སེང་གསན་པ། དངོས་དོན་རྟོག་ཞིབ། བྱ་ཐབས་དངོས་འདོན་པ་བཅས་གནང་སྟེ་གཞི་རིམ་གྱིས་སྔར་བས་རྨང་གཞི་བརྟན་དུ་གཏོང་བ་དང་ལས་དོན་ལ་དམ་འཛིན་ཏན་ཏིག་བྱེད་པར་མཛུབ་ཁྲིད་གནང་བ་རེད། “ཁྱེད་ཚོས་དཀའ་སྤྱད་འབད་བརྩོན་གྱིས་ལས་དོན་བསྒྲུབས་པར་ཐུགས་རྗེ་ཆེ་ཞུ་གི་ཡིན” ས་ཆ་གང་དུ་སླེབས་ཀྱང་ཝང་ཅུན་ཀྲེང་གིས་གཞི་རིམ་གྱི་ལས་བྱེད་པར་ཐུགས་ཁུར་ཆེན་པོ་གནང་བ་མ་ཟད། ཁོང་ཚོར་འཚམས་འདྲི་ཡང་ཞུས་པ་རེད།
ཝང་ཅུན་ཀྲེང་ཡར་འབྲོག་གཡུ་མཚོ་དང་། ཁ་རོ་ལ་འཁྱགས་རོམ། གཞིས་རྩེ་གྲོང་ཁྱེར་བཙོག་ཆུ་གཙང་གསིང་བཟོ་གྲྭའི་དུས་ཐེངས་གསུམ་པའི་འཛུགས་སྐྲུན་རྣམ་གྲངས་ཀྱི་ལས་ཡུལ་བཅས་སུ་ཕེབས་ནས་གཟིགས་ཞིབ་གནང་ཀྱིན་འདྲི་རྩད་གནང་བ་དང་། ས་ཡུལ་དངོས་སུ་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་ཚུར་ལན་གནད་དོན་དག་ཐེར་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་གནང་ཞིང་། ཁོང་གིས་གནད་དོན་འཛིན་ཕྱོགས་མཐའ་འཁྱོངས་ཀྱིས་ཞན་ཆ་སེལ་བར་ཕྱོགས་ཡོངས་ནས་བཤེར་ལྟ་བྱེད་པ་དང་། གཅིག་ཤེས་ཀུན་གྲོལ་དང་གནད་གཅིག་གིས་ཁྱོན་ཡོངས་ལ་སྣེ་ཁྲིད་བྱེད་པ། ཕུགས་ཕན་ལམ་སྲོལ་འཛུགས་པ། ལས་ཀའི་འགན་འཁྲི་ནན་པོ་དཀྲི་བ་བཅས་བྱས་ནས་ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པའི་སྒོ་ནས་དག་ཐེར་གནད་དོན་ལ་ལྟ་ཞིབ་བྱེད་དགོས། གཙང་པོ་དང་། མཚེའུ། འཁྱགས་རོམ་བཅས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། ཚད་གཞི་དེ་བས་མཐོ་བའི་སྒོ་ནས་ནམ་མཁའ་གཡའ་དག་པ་དང་། ཆུ་མོ་དྭངས་ཤིང་གཙང་བ། ས་གཞི་རྡུལ་དག་པ་བཅས་ཀྱི་སྲུང་སྐྱོང་དམག་འཐབ་ཡག་པོ་བརྒྱབ་ནས་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
རྒྱལ་རྩེ་རྫོང་དཔལ་འབྱོར་ལྷུན་པོ་གྲོང་ཚོ་ཨུ་ལྷན་དང་། ཕ་ལྷ་གཞིས་ཀ བསམ་གྲུབ་རྩེ་ཆུས་བདེ་ལེགས་སྡེ་ཁུལ་དམངས་ཕན་ཞབས་ཞུའི་ཚོམས་ཆེན། རྒྱལ་རྩེ་རྫོང་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས། པ་སྣམ་རྫོང་དབང་ལྡན་ཤང་བཟང་པ་གྲོང་ཚོའི་བུ་བཅོལ་ཁང་བཅས་སུ་ཝང་ཅུན་ཀྲེང་གིས་འགྲེམས་པང་ལ་གཟིགས་པ་དང་ངོ་སྤྲོད་གསན་པ་མ་ཟད། ལས་བྱེད་ལས་བཟོ་དང་སྤེལ་རེས་གཏིང་ཟབ་གནང་ནས་གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་དང་། མི་རིགས་མཐུན་སྒྲིལ། གཞི་རིམ་བཅོས་སྐྱོང་། རྨང་གཞིའི་སློབ་གསོ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། ཚན་ཁག་གི་གྲུབ་ཆ་ལེགས་སུ་གཏོང་བ། ལས་བྱེད་པ་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ། གནས་ཚུལ་དངོས་ཁོང་དུ་ཡང་དག་ཆུད་པ་བཅས་བྱས་ཏེ། སེམས་ནུས་དང་བརྩེ་བ་ཡོད་རྒུས་མི་རིགས་ཁག་གི་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་རྒྱུ་གཙོ་རྐང་དུ་བྱས་ཏེ་བོད་གསར་རྙིང་བསྡུར་བའི་སློབ་གསོ་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་གི་ཞིང་བྲན་གྱི་ལོ་རྒྱུས་སློབ་གསོ་མཐོང་རྒྱུ་ཡོད་པ་དང་། ཚོར་རྒྱུ་ཡོད་པ། ཕན་ནུས་ཡོད་པ་བཅས་ཀྱི་སྒོ་ནས་ཡག་པོ་སྤེལ་བ་དང་། མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་རྒྱུན་མཐུད་ཡག་པོ་བཤད་དེ་མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས། མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་ནས་སྤུས་ལེགས་སློབ་གསོའི་ཐོན་ཁུངས་གཞི་རིམ་དུ་ཕྱོགས་པར་སྐུལ་འདེད་བཏང་སྟེ་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་དེ་བས་མང་བ་དང་དེ་བས་དྲང་གཞག་ངང་ཐོབ་པར་བྱེད་དགོས།
རྒྱལ་རྩེ་རྫོང་ཕ་ལྷ་བཟོ་ཁང་དང་། བོད་ལྗོངས་བསམ་བསྟན་སྒང་ཆང་ལས་འགན་འཁྲི་ཚད་ཡོད་ཀུང་སི། པ་སྣམ་རྫོང་བཟང་གཞུང་འབྲོག་ཟོག་ལས་སྣོན་ཞིང་པའི་ཆེད་ལས་མཉམ་ལས་ཁང་། པ་སྣམ་རྫོང་གི་མུའུ་ཁྲིའི་ནས་སོན་དཔེ་སྟོན་རྟེན་གཞི་བཅས་སུ་ཝང་ཅུན་ཀྲེང་གིས་ཐོན་རྫས་ལ་གཟིགས་པ་དང་། ཕྱིར་ཚོང་སྐོར་བཀའ་འདྲི་གནང་བ། འབབ་འཕར་སྐོར་གླེང་བ་བཅས་གནང་ནས་ཁྱད་ལྡན་ལག་ཤེས་བཟོ་རྩལ་ཐོན་རྫས་ཐོན་སྐྱེད་གཉེར་སྐྱོང་དང་། ནས་འདེབས་འཛུགས། ཞིང་ལས་ཐོན་ལས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། ཐོན་ཁུངས་ཀྱི་ལེགས་ཆ་དང་དགེ་མཚན་ཆེ་རིགས་ལ་གཞི་ཚུགས་ནས་ཁྲོམ་རའི་དགོས་མཁོ་དང་རང་འགུལ་ངང་འཚམ་པར་བྱས་ཏེ་ཁྱད་ལྡན་ལེགས་ཆའི་ཐོན་ལས་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་གཏོང་བ་དང་། ཞིང་འབྲོག་མང་ཚོགས་ཀྱི་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་བ་བཅས་བྱས་ནས་ཞིང་འབྲོག་མང་ཚོགས་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་ཐུབ་པ་དང་ཡོང་འབབ་འཕར་ཐུབ་པ་བྱས་ཏེ། གནས་འཕྲོད་ལས་འཚམ་གྱི་མཛེས་མཐུན་གྲོང་གསེབ་ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་ད་དུང་རྒྱལ་རྩེ་རྫོང་ཨུད་ཏང་གི་སློབ་གྲྭར་ཕེབས་ཏེ་གཞི་རིམ་ཏང་གི་སློབ་གྲྭའི་སློབ་གཉེར་སློབ་སྐྱོང་གི་གནས་ཚུལ་མཁྱེན་རྟོགས་ནན་ཏན་གནང་ཞིང་། ཁོང་གིས། ཏང་གི་སློབ་གྲྭ་ནི་ལས་བྱེད་པ་དང་ཏང་ཡོན་ལ་སློབ་གསོ་གཏོང་ས་དང་གསོ་སྦྱོང་བྱེད་ས་གལ་ཆེན་ཞིག་རེད། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལོན་རྒྱུ་དེ་ཏང་གི་སློབ་གྲྭའི་གསོ་སྦྱོང་གི་ངེས་སྦྱོང་སློབ་ཚན་ནང་བཅུག་སྟེ་ཇི་མ་ཇི་བཞིན་སྦྱོང་བ་དང་གོ་དོན་མཐིལ་རྟོགས་ཀྱིས་སྦྱངས་ནས་ཏང་གི་རིགས་པའི་གཞུང་ལུགས་ཀྱི་སློབ་གསོ་དང་། ཏང་གཤིས་སློབ་གསོ། འགན་སྒྲུབ་ནུས་པ་གསོ་སྦྱོང་བཅས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་གཞི་རིམ་ཏང་གི་སློབ་གྲྭའི་ལས་སྒྲུབ་ཆུ་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་གཏོང་དགོས་ཞེས་གསུངས་པ་རེད།
ཀྲུང་གུང་རྒྱལ་རྩེ་ཡན་ལག་ལས་དོན་ཨུ་ལྷན་གྱི་འགྲེམས་སྟོན་ཁང་དུ་ལྟ་སྐོར་གནང་སྐབས། ཝང་ཅུན་ཀྲེང་གིས་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་དང་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དངོས་འཛིན་དངོས་སྒྲུབ་བྱེད་པར་ཁྲིད་སྟོན་བྱས་ཏེ་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་གསུངས་པ་རེད།
བརྟག་ཞིབ་གནང་རིང་། ཝང་ཅུན་ཀྲེང་གིས་གཞིས་རྩེ་གྲོང་ཁྱེར་གྱི་ཕྱོགས་ཁག་གི་ལས་དོན་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་བ་དང་འབྲེལ་གོམ་སྟབས་རྗེས་མའི་ལས་དོན་ལ་བླང་བྱའང་བཏོན་གནང་བ་རེད། ཁོང་གིས་ལས་ཀའི་བྱེད་ཐབས་ཞིབ་ཚགས་སུ་གཏོང་བ་དང“དོན་ཆེན་བཞི”དོན་འཁྱོལ་ལ་སྤྱི་འདོམས་ངང་དམ་འཛིན་ཡག་པོ་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་འདིང་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོར་བཙུགས་ནས་ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། བརྟན་ལྷིང་སྲུང་སྐྱོང་གི་རྒྱུན་རྣམ་དང་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཁྲིམས་ལྟར་གྲོང་ཁྱེར་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། བདེ་འཇགས་ཐོན་སྐྱེད་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ། “འདུ་འགོད་ཆེན་པོ་བཞི”དང་“བྱ་སྤྱོད་ཁག་དྲུག”ལག་ལེན་གཏིང་ཟབ་བསྟར་བ་བཅས་བྱས་ནས་མཐུན་སྒྲིལ་བརྟན་ལྷིང་གི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་རྣམ་པ་བརྟན་དུ་ཟམ་མི་ཆད་པར་གཏོང་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་ཏེ“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་བྱེད་པ་དང་། རྣམ་གྲངས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ། སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་རིམ་སྤོར་དང་གསར་དར་ཐོན་ལས་སྐྱེད་སྲིང་དང་རྒྱ་སྐྱེད་གཏོང་བ། གྲོང་ཁྱེར་དང་གྲོང་རྡལ་དཔེ་གསར་ཅན་དང་གྲོང་གསེབ་དར་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཡུལ་བབ་དང་བསྟུན་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་སྔོན་ལ་འཇོག་པ་དང་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་དང་། སྐྱེ་ཁམས་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་བ། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་ཟམ་མི་ཆད་པར་བརྟན་དུ་གཏོང་དགོས། དམག་དཔུང་འདུས་སྡོད་དང་མི་དམངས་བདེ་འཁོད་མཉམ་འཛིན་དང་མཐའ་བརྟན་མཐའ་དར་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱས་ཏེ་མཐའ་མཚམས་ས་ཁུལ་འཕེལ་རྒྱས་མགྱོགས་མྱུར་འགྲོ་བར་སྐུལ་འདེད་གཏོང་བ་དང་། མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་ལག་ལེན་ཤུགས་ཆེན་བསྟར་ཏེ་དར་རྒྱས་དང་བརྟན་ལྷིང་གི་མེས་རྒྱལ་མཐའ་མཚམས་འཛུགས་སྐྲུན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ་དང་། སྤྱོད་ཚུལ་རྒྱུན་མཐུད་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་ལྷག་བསམ་ཟོལ་མེད་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་ཅིག་ཧུར་ཐག་གཏོད་དགོས། དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་མཐའ་འཁྱོངས་དང་དམ་པ་དོན་གཉེར་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་མི་དམངས་མང་ཚོགས་ལ་མིག་མཐོང་ལག་ཟིན་དང་དངོས་ཕན་ཐོབ་པའི་བྱ་བ་མང་ཙམ་སྒྲུབ་པ་དང་། རྨང་གཞི་འདིང་བ་དང་། ཕུགས་ལ་ཕན་པ། རྟིང་ཤུགས་འཕེལ་བ་བཅས་ཀྱི་ལས་དོན་མང་ཙམ་སྒྲུབ་པ། མི་འབོར་དང་། མི་སེམས། ཤེས་ལྡན་པ་བཅས་ཀྱི་ལས་དོན་རྒྱུན་མཐུད་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་ལག་ལེན་དང་། ལོ་རྒྱུས། མི་དམངས་བཅས་ཀྱི་ཚོད་བགམ་ཐེག་ཐུབ་པའི་ལས་རྗེས་དངོས་ཧུར་ཐག་གཏོད་དགོས། སྤྱོད་ཚུལ་རྒྱུན་མཐུད་ལེགས་སུ་བཏང་སྟེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་སྙིང་རུས་ལྷོད་མེད་ངང་དོན་འཁྱོལ་བྱེད་པ་དང་། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་ཟབ་མོ་བྱེད་པ། ཕྱི་ཚུལ་རིང་ལུགས་རྒྱུན་མཐུད་བཅོས་སྒྲིག་གཏིང་ཟབ་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་བཅས་བྱས་ཏེ། ཏང་ཡོན་ལས་བྱེད་པར་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་དུས་ཚོད་དང་སེམས་ནུས་སྔར་ལས་མང་བ་ཡོད་པར་བྱེད་དགོས། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པ་མཐའ་འཁྱོངས་བྱེད་པ་དང་། དཔྱད་ཞིབ་གདེང་འཇོག་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཕུལ་བྱུང་ཤེས་ལྡན་པ་འབུར་དུ་ཐོན་པའི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་དང་ནུས་ཤུགས་ཡོད་རྒུས་ལས་དོན་སྒྲུབ་པའི་རྣམ་པ་བཟང་པོ་རྒྱུན་མཐུད་སྲ་བརྟན་དུ་གཏོང་དགོས།
འབྲེལ་ཡོད་གསར་འགྱུར།