བོད་རང་སྐྱོང་ལྗོངས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་རིགས་ཁོངས་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པ་འཚོགས་པ།
ཉེ་ཆར་བོད་རང་སྐྱོང་ལྗོངས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་རིགས་ཁོངས་ཀྱི་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཞུས་ཀྲི་ཝུན་འགོ་ཚུགས་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།
ཞུས་ཀྲི་ཝུན་གྱིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཚན་རིག་རིགས་ཁོངས་ཀྱིས། གཙོ་གནད་ལས་འགན་ལ་དམིགས་ནས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་དར་རྒྱས་གོང་འཕེལ་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་པ་དང་། ལྟེ་བའི་ལས་དོན་ལ་དམིགས་ནས་དངོས་ཡོད་ཀྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་དང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དྲིལ་བསྒྲགས་ཁྱབ་གདལ་ལ་ཤུགས་སྣོན་རྒྱག་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ཞིབ་འཇུག་ལ་གཏིང་ཟབ་གཞོལ་བ་བཅས་བྱས་ཏེ་དངོས་ཡོད་ཀྱི་མཛུབ་ཁྲིད་དོན་སྙིང་ལྡན་པའི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་ཁག་གཅིག་རྒྱུན་མཐུད་ངང་འདོན་དགོས། འདུ་ཤེས་འཛིན་སྟངས་ཀྱི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་ལ་དམ་འཛིན་ཏན་ཏིག་བྱེད་པ་དང་། ཉེན་ཁའི་རྒྱང་ལྟའི་རང་བཞིན་གྱི་ཞིབ་འཇུག་བརྡར་གཅོད་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་ཚན་རིག་གི་འཐབ་ས་སྣ་ཚོགས་ལ་དོ་དམ་ནན་པོ་བྱེད་པ། འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་མཐའ་ཚད་ཡག་པོ་སྲུང་བ་བཅས་བྱེད་དགོས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོང་དང་གྲངས་འཛིན་ཅན་གྱི་ཡིག་ཚགས་བཟོ་བར་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ། དུས་རབས་ཀྱི་ནང་དོན་དང་དོན་དངོས་མཚོན་པར་སྣང་ཆེན་བྱེད་པ། རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ལས་དོན་ཤུགས་ཆེན་སྒྲུབ་པ་བཅས་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་རིག་ཚན་དང་རིག་གཞུང་གི་སྐད་ཆའི་མ་ལག་འཛུགས་སྐྱོང་ཧུར་ཐག་བྱས་ཏེ་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཚན་རིག་གི་འགྲན་རྩོད་ནུས་པ་དང་ཤུགས་རྐྱེན་ཐེབས་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་། འབྲེལ་ཟམ་དང་འབྲེལ་ཐག་གི་ནུས་པ་ཡག་པོ་འདོན་པ། ཤེས་ལྡན་པའི་དཔུང་ཁག་སྟོབས་ཆེར་གཏོང་བ་བཅས་བྱས་ནས་དུས་རབས་གསར་པའི་བོད་ཀྱི་སྤྱི་ཚོགས་ཚན་རིག་བྱ་གཞག་འཕེལ་རྒྱས་ཀྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་དགོས།
འབྲེལ་ཡོད་གསར་འགྱུར།