གངས་ལྗོངས་ས་མཐོར་ཏང་དར་ལྷབ་ལྷུབ་ཏུ་གཡོ།
—— ལྗོངས་ཡོངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་སྐོར་གྱི་སྒྲིལ་གླེང་།
` 2026ལོར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་མཚམས་སུ། ཏང་ཀྲུང་དབྱང་གིས་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་སྤྱི་ཡོངས་དང་དུས་ཀྱི་འཕེལ་ཕྱོགས་དང་། ཏང་སེམས་དང་དམངས་སེམས། ཏང་འཛུགས་སྐྱོང་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་དང་མཐུན་ལ། གངས་ལྗོངས་ས་མཐོའི་ཏང་འཛུགས་སྐྱོང་ལས་དོན་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་ཁྲིད་སྟོན་བྱས་པར་གལ་འགངས་ཆེ་ལ་རྒྱང་རིང་གཏིང་ཟབ་ཀྱི་དོན་སྙིང་ལྡན་པ་ཁ་གསལ་བཏོན་ཡོད།
འདས་ཟིན་པའི་ལོ་གཅིག་ལ་ཕྱིར་མིག་ལྟ་སྐབས། ལྗོངས་ཡོངས་ཀྱི་རིམ་ཁག་རྩ་འཛུགས་སྡེ་ཚན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་སྐོར་གྱི་དགོངས་པ་གལ་ཆེན་དང་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་ཀྱིས“དོན་ཆེན་བཞིར”དམིགས་ནས“འཛུགས་གཏོད་བཞིར”ཤུགས་སྣོན་བརྒྱབ་སྟེ། གཞི་རིམ་ཏང་རྩ་འཛུགས་དེ་ཉིད་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། མང་ཚོགས་སྣེ་ཁྲིད་དེ་ཕྱུག་འགྱུར། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། མཐའ་མཚམས་ཀྱི་མངའ་ཁོངས་ས་ཆ་སྲུང་སྐྱོང་། ཁ་ཕྲལ་ལ་ངོ་རྒོལ་གྱི་འཐབ་རྩོད་བྱེད་མཁན་བཅས་ཀྱི་སྟོབས་དང་ལྡན་པའི་དམག་འཐབ་མཁར་རྫོང་དུ་བསྐྲུན་ཡོད། ལོ་གཅིག་གི་རིང་། སྤྱོད་གཙང་གཞུང་དྲང་ས་མཐོར་ཁྱབ་སྟེ་རྩ་འཛུགས་ཀྱི་རྨང་གཞི་རྒྱུན་མཐུད་བརྟན་དུ་ཕྱིན་ཏེ་ཏང་འཛུགས་སྐྱོང་གིས་འཕེལ་རྒྱས་དང་བཅོས་སྐྱོང་ལ་མཐུན་རྐྱེན་སྦྱོར་བའི་གྲུབ་འབྲས་ཕྱོགས་གང་སར་ཁྱབ་ནས་ཏང་སེམས་དང་དམངས་སེམས་གཅིག་སྦྲེལ་དང་ཏང་འཛུགས་སྐྱོང་ལ་བརྟེན་ནས་དར་རྒྱས་ལ་སྐུལ་འདེད་གཏོང་བའི་བརྗིད་ཆེའི་ལེའུ་བརྩམས་ཡོད།
སྤྱོད་ཚུལ་བསྒྱུར་ནས་དམངས་སེམས་གཅིག་ཏུ་སྒྲིལ།
དངོས་སྒྲུབ་དང་འགན་འཁུར་ཕོད་པའི་སྙིང་སྟོབས་ལ་བརྟེན་ནས་ཏང་དང་མང་ཚོགས་ཀྱི“སེམས་སྦྲེལ་ཟམ་པ”བསྐྲུན་པ།
“དེ་སྔ་དུས་ཚོད་མང་ཆེ་བ་རེའུ་མིག་རྒྱོང་བ་དང་ལྟ་སྐུལ་ཞིབ་བཤེར་ཁོ་ནར་ཐིམས་ནས་གྲོང་ཚོར་སྐྱོད་པའི་ཁོམ་པ་རྩ་བ་ནས་མེད།
ད་ཆ། རྩིས་ཐོ་ཁུ་བསྡུ་བྱས་པ་དང་དཔྱད་ཞིབ་ཀྱི་ཁུར་པོ་ཡང་དུ་བཏང་བས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་པའི་ཁོམ་པ་བྱུང་སྟེ་མི་སེར་ཚོ་དང་མཉམ་དུ་འཚོ་བའི་སྐོར་གླེང་ཞོར་བྱ་བ་དངོས་ཀྱང་སྒྲུབ་ཐུབ་ཀྱི་འདུག”ཅེས་མཐའ་མཚམས་ཤང་གྲོང་གི་གཞི་རིམ་ལས་བྱེད་པ་དེས་བརྗོད་པའི་གཏམ་ལས་ལྗོངས་ཡོངས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་ཐུན་མོང་གི་འགྱུར་ལྡོག་མངོན་ཡོད།
འགྱུར་ལྡོག་འདི་ནི་གྲི་དངོ་རང་གཏད་ཀྱི་སྤྱོད་ཚུལ་གྱི་འགྱུར་ལྡོག་ལས་བྱུང་བ་ཞིག་ཡིན། ལོ་གཅིག་རིང་། རང་ལྗོངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ། སློབ་སྦྱོང་དང་། ཞིབ་བཤེར། བཅོས་སྒྲིག བཅོས་སྐྱོང་། ལམ་ལུགས་བཅས་གཞི་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་རྒྱུན་མཐུད་ཡོ་བཅོས། ཏང་ཡོན་ལས་བྱེད་པ་འཐབ་ས་དང་པོར་བསྐྱོད་དེ་མང་ཚོགས་དང་ཉེ་བཅར་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་དམངས་འཚོའི་དོན་དངོས་ཏན་ཏིག་བསྒྲུབས་ཡོད།
ཆེད་དོན་དཔེ་ཀློག་འཛིན་གྲྭ་དང་། ཀྲི་པུའུ་ཧྲུའུ་ཅིའི་འཆད་སྟེགས། རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་སོགས་ཀྱི་གཞི་རྟེན་ལ་བརྟེན་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་གཏིང་ཟབ་དང་ཏན་ཏིག་སྦྱོང་བ་དང་། མི་སེམས་ལ་འཇགས་ཐུབ་པར་སྐུལ་འདེད་བཏང་ཡོད། རྒྱུན་རྣམ་ཅན་གྱི་སྒོ་ནས“སྒོ་ཕྱེ་ནས་གསལ་འདེབས་དང་ལེན”གྱི་བྱེད་སྒོ་སྤེལ་ཏེ་དམངས་ཀྱི་འབོད་སྒྲ་ཉན་པ་དང་། “གཞི་རིམ་དུ་བསྐྱོད་པ་བཞིའི”དམངས་ཀྱི་སེམས་ཁྲལ་སེལ་བའི་ལས་ཀའི་ལམ་སྲོལ་ལ་བརྟེན་ནས་དམངས་འཚོའི་དཀའ་གནད་བསལ་ཞིང། ལོ་ཧྲིལ་པོར་དམངས་འཚོའི་དོན་དངོས་6605སྒྲུབ་པར་ལྟ་སྐུལ་བྱས་པ་དང་མ་དངུལ་སྒོར་དུང་ཕྱུར་1.6བཏང་བས་མང་ཚོགས་དུད་ཚང་ཁྲི་3ལྷག་ཙམ་ལ་ཕན་པ་ཐོབ་ཡོད།
གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བར་རྒྱུན་མཐུད་མཐུན་རྐྱེན་སྦྱོར་ཆེད། ས་གནས་ཁག་དང་སྡེ་ཚན་ཁག་གིས་ལམ་ལུགས་ཁག་གསར་པ་1744བཟོས་པ་དང་འཐུས་སྒོ་ཚང་དུ་བཏང་བ་མ་ཟད། གྲོན་ཆུང་བསྲི་ཚགས་ནན་ཏན་དང་གཏོང་མཁས་སྤྱོད་མཁས་བྱེད་པ་དེ་ཏང་སྲིད་ལས་ཁུངས་ཀྱི་རང་རྟོགས་བྱ་སྤྱོད་ལ་གྱུར་པ་དང་། ཡིག་ཆ་དང་ཚོགས་འདུ་དང་དེ་བཞིན་ལྟ་སྐུལ་ཞིབ་བཤེར་དང་དཔྱད་ཞིབ་གྲངས་འབོར་བཅས་ཉུང་དུ་ཕྱིན་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་སེམས་ནུས་དེ་བས་མང་བ་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་གཞི་རིམ་གྱི་འཐབ་ས་དང་པོར་འཇོག་ཐུབ་པ་བྱུང་ཡོད།
དེ་དང་ཆབས་ཅིག་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུས་ད་དུང་སྒོར་ཁྲི་2696བཏང་ནས“རྒན་གྲས་གསུམ”གྱི་མི་སྣ་ཁྲི་3.2ལ་འཚམས་འདྲི་བྱས་པ་དང་། ཏང་ཡོན་རྒན་གྲས་1600ཙམ་ལ“ཏང་ནང་གི་གཟི་བརྗིད་ལྡན་པའི་ལོ་50”ཞེས་པའི་དྲན་རྟེན་རྟགས་མ་སྤྲད་པ་རེད།
རྩ་འཛུགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་རྨང་གཞི་བརྟན་དུ་བཏང་བ།
སྟོབས་དང་ལྡན་པའི་མཁར་རྫོང་ལ་བརྟེན་ནས་མཐའ་མཚམས་བརྟན་པོར་བསྲུངས་པ།
ལྷ་ས་སྐྱིད་ཆུའི་ལུང་གཞུང་ནས་མཐའ་མཚམས་ཀྱི་འཐབ་ས་དང་པོའི་བར་ལྗོངས་ཡོངས་སུ་གཞི་རིམ་ཏང་རྩ་འཛུགས་ཚད་ལྡན་ཅན་དང་ཚད་གཞི་ཅན་འཛུགས་སྐྱོང་དང་། དཔེ་སྟོན་ལ་དམ་འཛིན། ཉམས་ཞན་བཅོས་སྒྲིག མཉམ་སྐྲུན་ལ་སྐུལ་འདེད། དཔུང་ཁག་ལེགས་གཏོང་བཅས་བྱས་ཏེ་རྩ་འཛུགས་ཀྱི་ལེགས་ཆ་དེ་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་དང་མཐའ་སྲུང་མཐའ་བརྟན་གྱི་འཐབ་ནུས་ཆེན་པོར་རྒྱུན་ཆད་མེད་པར་འགྱུར་བར་བྱས་ཡོད།
ཉིང་ཁྲི་གྲོང་ཁྱེར་ཀ་ལ་གྲོང་ཚོ་ནི་ལྗོངས་ཡོངས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་གི་སྤུས་འབྲས་ལེགས་གཉེར་གྱི་དཔེ་མཚོན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་སྤྲིངས་པའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་གཞིར་བཟུང་། རང་ལྗོངས་ཀྱིས་ཀ་ལ་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཁམ་བུའི་མེ་ཏོག་རིག་གནས་ཡུལ་སྐོར་ཐོན་ལས་དང་། མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བ། མི་རིགས་མཐུན་སྒྲིལ་ཟབ་ཏུ་གཏོང་བ་བཅས་ལ་བརྟེན་པའི་ཏང་འཛུགས་སྐྱོང་གི་དམངས་ཕྱུག་ལག་ལེན་བྱེད་ཐབས་ཕྱོགས་ཡོངས་སུ་ཁྱབ་གདལ་བཏང་ཡོད།
ཀ་ལ་གྲོང་ཚོ་མིག་དཔེར་བྱས་ཏེ་འདས་ཟིན་པའི་ལོ་གཅིག་རིང་ལྗོངས་ཡོངས་སུ་གཞི་རིམ་ཏང་འཛུགས་སྐྱོང་གི་དཔེ་སྟོན་ས་ཚིགས་400ལ་མིང་བཏགས་གཟེངས་བསྟོད་བྱས་པ་དང་ནུས་མེད་ཟབ་ཟོབ་ཀྱི་ཏང་རྩ་འཛུགས་282ལ་གྲལ་བཤེར་དག་ཐེར་བྱས་ཏེ་ཕྱོགས་ཡོངས་ནས་བཅོས་སྒྲིག་བྱས་པ་རེད།
མཐའ་མཚམས་སུ“མཉམ་ལྔ་བརྟན་ལྔའི”དམག་དཔུང་དང་ས་གནས་ཀྱི་མཉམ་སྐྲུན་སྤུས་རྟགས་ཀྱི་བཀྲག་མདངས་དེ་བས་འཚེར་ཞིང་། དམག་དོན་ལོ་རྒྱུས་ཁང་དང་གསར་བརྗེའི་སློབ་གསོའི་རྟེན་གཞི་གསོན་ཉམས་དོད་ཤོས་ཀྱི“བསམ་བློ་ཆབ་སྲིད་ཀྱི་སློབ་ཁང”དུ་གྱུར་པ་དང“རྟ་ཐོག་སློབ་ཁྲིད”ལ་བརྟེན་ནས་ཏང་གི་གསུང་སྒྲ་ཐག་རིང་འབྲོག་ཁུལ་དུ་དྲིལ་བསྒྲགས་བྱས་ཡོད། དམག་དམངས་མཉམ་དུ་མཐའ་མཚམས་སུ་སྐོར་གཡེང་དང་ལས་འགན་གཅིག་ལྕོགས་བརྗེ་རེས་དང་། མཐའ་སྲུང་དང་། ཐོན་སྐྱེད། འཚོ་བ་བཅས་མཉམ་འདྲེས་གཏིང་ཟབ་བྱས་པས་མཐའ་མཚམས་རྫོང་21ལ་སྲ་ཞིང་བརྟན་པའི“གསར་བརྗེའི་སྲུང་བཅད”ཁྱབ་ཡོད།
བཅོས་སྐྱོང་ལ་བརྟེན་ནས་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱར་བ།
རྩ་འཛུགས་ཀྱི་ལེགས་ཆར་བརྟེན་ནས་གྲོང་གསེབ་བཅོས་སྐྱོང་དང་ཐུན་མོང་ཕྱུག་འགྱུར་གྱི་འཆར་གཞི་གསར་པ་བཀོད་པ།
གཞི་རིམ་བཅོས་སྐྱོང་གི་འགག་རྩ“ཏང”ལ་ཐུག་ཡོད་ལ། ལྟེ་བ“མི”ལ་ཐུག་ཡོད།
ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་གི་འབྲེལ་ཡོད་འགན་འཁུར་བས། ན་ནིང་ཟླ་5པར་མངགས་སྐྱེལ་པ་བསོད་ནམས་ཀྱིས་ཁ་ལག་སྐྱེལ་བའི་ལམ་དུ་ཁྲོམ་གཞུང་གི་ལམ་སྒྲོན་གྱི་གློག་སྐུད་ཆད་ནས་མེ་སྟག་མཆེད་པ་མཐོང་འཕྲལ་ལམ་སེང་འབྲེལ་ཡོད་སྡེ་ཚན་ལ་སྙན་སེང་ཞུས་ཏེ་མེ་སྐྱོན་མི་ཐོན་པ་བྱས་ཡོད་ཅེས་ངོ་སྤྲོད་བྱས།
མང་ཚོགས་སྐུལ་སློང་དང་མང་ཚོགས་ལ་བརྟེན་པའི་གཞི་རིམ་བཅོས་སྐྱོང་བྱེད་ཐབས་དེ་ལྟ་བུ་རང་ལྗོངས་ཀྱི་གང་སར་མཐོང་རྒྱུ་ཡོད། འདས་ཟིན་པའི་ལོ་གཅིག་རིང་། ལས་ཐོག་ཏང་ཡོན་ཁྲི་10.67ལྷག་ཙམ་སྡེ་ཁུལ་དུ་བསྐྱོད་དེ“དྲ་མིག་པ”དང“འདུམ་འགྲིག་པའི”འགན་འཁྲི་ཁུར་ཞིང་། རིམ་རྩིས་བརྒྱབ་ན། དང་བླངས་ཞབས་ཞུ་ཐེངས་ཁྲི་40ལྷག་ཙམ་སྤེལ་ཏེ་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཁྲི་1.72ལྷག་ཙམ་ཐག་གཅོད་བྱས་ཡོད། སྡེ་ཁུལ་བཅོས་སྐྱོང་བྱ་རྒྱུ་དེ་གཞན་དབང་གི་དོ་དམ་ནས་རང་འགུལ་གྱི་ཞབས་ཞུར་གྱུར་སྟབས་གྲོང་ཁྱེར་གྱི་ཁྲོམ་གཞུང་དང་སྲང་ལམ་གང་སར་དྲོ་སྐྱིད་ཀྱི་རྣམ་པས་ཁེངས་ཡོད།
གྲོང་གསེབ་བཅོས་སྐྱོང་གི་འཆར་གཞི་གསར་པ་གསོན་ཉམས་དོད་ཅིང་། ལྗོངས་ཡོངས་ཀྱི་གྲོང་སྡོད་ལས་བྱེད་པ་ཁྲི་2.2ལྷག་ཙམ་གྱིས་གྲོང་ཚོ་རིམ་པའི་འཁྲུད་ཁང་དང་ཟ་ཁང་སྒྱུར་བཀོད་སོགས་ཆུང་ཞིང་ལེགས་པའི་དམངས་འཚོའི་རྣམ་གྲངས་གྲོང་ཚོ(སྡེ་ཁུལ)ཁག་ཏུ་བསྐྲུན་པར་མ་དངུལ་སྒོར་དུང་ཕྱུར་1.6བཏང་བས་གྲོང་ཚོ(སྡེ་ཁུལ)བཅུ་ཆ་དགུ་ཡན་གྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། གྲོང་ཚོའི་ལས་བྱེད་པས“བོད་སྒྱུར་ལོ་ཙཱ་བ”APPལ་བརྟེན་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྦྱངས་པ་མ་ཟད། ཐོ་འགོད་བེད་སྤྱོད་བྱེད་ཚད་100%ཟིན་ཡོད། ལྗོངས་ཡོངས་ཀྱི་མཉམ་སྡེབ་དཔལ་འབྱོར་གྱི་ལོའི་ཡོང་འབབ་སྒོར་ཁྲི་50ཡན་གྱི་གྲོང་ཚོ(སྡེ་ཁུལ)907ཟིན་ནས་དུས་མཚུངས་ལས་35%འཕར་བ་དང་ཡོང་འབབ་སྒོར་ཁྲི་སྟོང་རིམ་པའི་སྣེ་འདྲེན་ཁེ་ལས་ཁག་གཅིག་འབུར་དུ་ཐོན་ཡོད།
ཐོག་མའི་བསམ་འདུན་གྱིས་གངས་ལྗོངས་ས་མཐོར་འོད་སྣང་སྦྱིན། འབད་འབུངས་ཡར་བརྩོན་གྱིས་རྒྱང་ལམ་གསར་པའི་ལེའུ་གསར་རྩོམ། 2026ལོར་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་གོམ་སྟབས་དེ་བས་བརྟན་པ་དང་། ཏང་འཛུགས་སྐྱོང་གི་གཙོ་འགན་གཙོ་ལས་རྒྱུན་མཐུད་ཟབ་ཏུ་གཏོང་བ་དང་། དམངས་ལ་བཅངས་པའི་བརྩེ་སེམས་འཕེལ་བ། མཐའ་མཚམས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱེད་པ། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བཅས་བྱས་ཏེ། གངས་ལྗོངས་ས་མཐོར་ཏང་དར་ལྷབ་ལྷུབ་གཡོ་བར་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ཆེད་དུ“གསར་བརྗེའི་སྒུལ་ནུས”རྒྱུན་ཆད་མེད་པར་སྣོན་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།