ལིའུ་ཅང་གིས་གཞིས་རྩེར་བརྟག་ཞིབ་གནང་བ།
ཟླ་6ཚེས་28ཉིན་ནས་ཟླ་7ཚེས་1ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་གིས“གཞི་རིམ་དུ་སྐྱོད་པ་བཞིའི”ལམ་ལུགས་ལག་ལེན་བསྟར་ནས་གཞིས་རྩེ་གྲོང་ཁྱེར་གྱི་རྫོང་དང་། ཤང་། གྲོང་ཚོ་བཅས་ཁག་གཅིག་ཏུ་ཕེབས་ཏེ། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་སྒྲོག་འགྲེལ་གནང་བ་དང་སྦྲགས། གཞི་རིམ་བཅོས་སྐྱོང་དང་། གྲོང་གསེབ་དར་རྒྱས། དགོན་སྡེ་དོ་དམ་སོགས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་ཚུལ་སྐོར་བརྟག་ཞིབ་ཀྱང་གནང་བ་རེད།
ཚེ་རིང་ཐར་འབྲེལ་ཡོད་བརྟག་ཞིབ་ལ་ཞུགས་ཡོད།
བསམ་གྲུབ་རྩེ་ཆུས་པད་གཞུང་ཤང་དང་རྣམ་གླིང་རྫོང་ཨེ་མ་ཤང་དུ་ལིའུ་ཅང་གིས་གཞི་རིམ་ལས་བྱེད་པ་དང་སྤེལ་རེས་གཏིང་ཟབ་གནང་ནས་གཞི་རིམ་ཏང་འཛུགས་སྐྱོང་དང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་ལས་ཀའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། གཞི་རིམ་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་རྒྱུན་མཐུད་སྟོབས་ཆེར་གཏོང་བ་དང་། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྱོང་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། གཞི་རིམ་གྱི་སྤྱི་ཚོགས་བདེ་འཇགས་བཅོས་སྐྱོང་སྔོན་འགོག་དང་ཚོད་འཛིན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། འགལ་ཟླ་དང་རྩོད་གཞི་སྣ་ཚོགས་གྲལ་བཤེར་གཏིང་ཟབ་དང་སེལ་བ་བཅས་བྱས་ཏེ། དེ་བས་ཏན་ཏིག་གི་བྱ་ཐབས་སྤྱད་དེ་ཏང་འཛུགས་སྐྱོང་ལ་བརྟེན་ནས་ནུས་ཕྱོད་ཆེན་པོས་གཞི་རིམ་བཅོས་སྐྱོང་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བར་སྣེ་ཁྲིད་བྱེད་དགོས་ཞེས་གསུངས་པ་རེད།
བཀྲས་ལྷུན་དགོན་དང་། དབེན་དགོན། རྩེ་གདོང་ཆོས་སྡེ་དགོན་བཅས་སུ་ལིའུ་ཅང་གིས“འདུ་ཤེས་གསུམ”གྱི་སློབ་གསོ་རྒྱུན་མཐུད་གཏིང་ཟབ་སྤེལ་བ་དང་། ཆོས་ལུགས་ལས་དོན་དོ་དམ་ལ་ཁྲིམས་ལྟར་ཤུགས་སྣོན་རྒྱག་པ། དགོན་སྡེའི་རིག་དངོས་སྲུང་སྐྱོང་དང་མེ་ཟོན་བདེ་འཇགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བཅས་བྱས་ནས། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་བ་རེད།
དིང་རི་རྫོང་གད་དམར་ཤང་ཚེ་རི་གྲོང་ཚོ་དང་། གཉའ་ནང་རྫོང་ཡར་སླེབས་ཤང་ལྷས་ཞིང་གྲོང་ཚོ་དང་། གཉའ་ནང་གྲོང་རྡལ་བཀྲ་ཤིས་སྒང་གྲོང་ཚོ། འགྲམ་གྲོང་རྡལ་དགོན་གསར་གྲོང་ཚོ་བཅས་སུ་ལིའུ་ཅང་གིས་དུད་ཚང་ཁག་ཏུ་ཕེབས་ནས་གྲོང་ཚོ་རིམ་པའི་རྩ་འཛུགས་འཁོར་སྐྱོད་དང་། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་། ཏང་ཡོན་རྒན་གྲས་ལ་འཚམས་འདྲི་གནང་ཞོར་དུ་བསམ་འཆར་དང་གྲོས་འགོ་ཡང་གསན་པ་རེད།
བརྟག་ཞིབ་གནང་རིང་། ལིའུ་ཅང་གིས། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ཏང་ཡོན་དང་ལས་བྱེད་པའི་བསམ་བློར་དྲག་ཆས་སྤྲོས་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་འཐབ་ནུས་སྔར་བས་ཆེ་རུ་བཏང་སྟེ། མི་རིགས་ཁག་གི་མང་ཚོགས་ལ་རྒྱལ་གཅེས་མཐའ་སྲུང་དང་མཐུན་སྒྲིལ་འབད་འཐབ་བྱེད་པར་སློབ་གསོ་ཁྲིད་སྟོན་བྱེད་དགོས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཡག་པོ་བྱས་ཏེ་ཁ་ཡོད་ལག་ཡོད་ཀྱི་སྒོ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་ནུས་ལྡན་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་དེ་བས་རྒྱ་ཁྱབ་དང་གཏིང་ཟབ་ཐུབ་པར་སྐུལ་འདེད་གཏོང་དགོས། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་མཐའ་གཅིག་ཏུ་བསྟར་ནས“དོན་ཆེན་བཞི”དོན་འཁྱོལ་ལ་དམིགས་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱེད་པ། ཞན་ཆ་དང་ཧེ་བག་སེལ་བ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ལ་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་དེ་བས་མང་བ་ཡོང་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།