དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཝང་ཅུན་ཀྲེང་གིས་སྲིད་ཁྲིམས་ཁོངས་གཏོགས་སུ་བརྟག་ཞིབ་གནང་བ།

    ལིའུ་ཅང་ལྷན་དུ་ཕེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-07-05

    ཟླ་7ཚེས་3ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་སྲིད་ཁྲིམས་ཁོངས་གཏོགས་སུ་བརྟག་ཞིབ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་བར་སྐོར་གནའ་གྲོང་ཡན་ལག་ཅུས་སྐྱིད་རས་མངགས་གཏོང་ཁང་དུ་ལས་བྱེད་ཉེན་རྟོག་པ་དང་བྱམས་བརྩེའི་སྤེལ་རེས་གནང་བཞིན་པ།

    ●ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ལམ་སྲོལ་ལེགས་སུ་གཏོང་བ་དང་། དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། རང་འགན་གཙང་སྒྲུབ་དང་ལས་ཀར་འབད་འབུངས་བཅས་བྱས་ཏེ། བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་འདིང་དགོས།

    ཟླ་7ཚེས་3ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་སྲིད་ཁྲིམས་ཁོངས་གཏོགས་སུ་བརྟག་ཞིབ་གནང་སྐབས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་དོན་འཁྱོལ་ཞིབ་ཚགས་བྱེད་པ། ཉེན་བརྡ་རྒྱུན་སྒྲོག་དང་དོགས་ཟོན་རྒྱུན་གནས་མཐའ་འཁྱོངས་བྱེད་པ། ལམ་སྲོལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། རང་འགན་གཙང་སྒྲུབ་དང་ལས་ཀར་འབད་འབུངས་བྱེད་པ། སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་གཟི་བརྗིད་སྔར་བས་ཆེ་བ་བརྩོན་ལེན་བཅས་བྱས་ཏེ། བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་འདིང་དགོས་པའི་ནན་བཤད་གནང་བ་རེད།

    ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་བར་སྐོར་གནའ་གྲོང་ཡན་ལག་ཅུས་སྐྱིད་རས་མངགས་གཏོང་ཁང་དུ་ཕེབས་སྐབས་ཝང་ཅུན་ཀྲེང་གིས་འགྲེམས་པང་ལ་གཟིགས་པ་དང་ངོ་སྤྲོད་གསན་པ་དང་། བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་དོན་འཁྱོལ་དང་། གཞི་རིམ་བཅོས་སྐྱོང་། དྲ་མིག་ཅན་གྱི་དོ་དམ་སོགས་ཀྱི་ལས་དོན་ལ་ས་གནས་ས་ཐོག་ཏུ་གཟིགས་ཞིབ་གནང་བ་མ་ཟད། འཐབ་ས་དང་པོའི་སྤྱི་བདེའི་ལས་བྱེད་ཉེན་རྟོག་པར་བྱམས་བརྩེའི་འཚམས་འདྲི་ཡང་གནང་བ་རེད། ཁོང་གིས། གཞི་རིམ་བཅོས་སྐྱོང་བྱེད་སྟངས་འཚོལ་ཞིབ་དང་གསར་གཏོད་ཧུར་ཐག་བྱེད་པ་དང་། “གསུམ་བྱས་པ་གསུམ”གྱི་ལས་ཀའི་ལམ་སྲོལ་དོན་འཁྱོལ་ནན་པོ་བྱེད་པ། མཉམ་འགོག་མཉམ་བཅོས་ཀྱི་སྟོབས་ཤུགས་འཕེལ་རྒྱས་དང་ཆེ་རུ་གཏོང་བ། ཡུལ་བབ་དང་དམངས་འདོད་དུས་ཐོག་ཏུ་ཤེས་རྟོགས་བྱེད་པ། འགལ་ཟླ་དང་རྩོད་གཞི་སྣ་ཚོགས་གྲལ་བཤེར་དང་སྦྲགས་ཧུར་ཐག་སེལ་བ་བཅས་བྱས་ཏེ། ཉེན་ཁ་དང་མངོན་མེད་རྐྱེན་ངན་གཞི་རིམ་ནས་སེལ་བ་དང་ཐོན་མ་ཐག་ནས་སེལ་དགོས་པའི་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་སྤྱི་བདེ་ཐིང་བདེ་འཇགས་སྤྱི་ཁྱབ་རུ་ཁག་དང་དཔལ་འབྱོར་མྱུལ་ཞིབ་སྤྱི་ཁྱབ་རུ་ཁག་སོགས་འབྲེལ་ཡོད་སྡེ་ཚན་དུ་ཝང་ཅུན་ཀྲེང་གིས་སྤྱི་བདེའི་ལས་བྱེད་ཉེན་རྟོག་པ་དང་བྱམས་བརྩེའི་སྤེལ་རེས་གནང་སྟེ། ཉེན་ཆེའི་འབར་གས་དངོས་རྫས་ལ་དོ་དམ་དང་དཔལ་འབྱོར་གྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་ཚན་རྩལ་ལ་བརྟེན་ནས་ཉེན་རྟོག་པའི་སྟོབས་ཤུགས་ཆེ་རུ་གཏོང་བ་དང་ཆ་འཕྲིན་ཅན་ལ་བརྟེན་ནས་དམག་འཐབ་ནུས་པ་ཆེ་རུ་གཏོང་བ་མཐའ་འཁྱོངས་བྱས་ཏེ། ལག་རྩལ་གསར་པ་སྤྱོད་རྒྱུར་སྔར་བས་ཤུགས་སྣོན་རྒྱག་པ་དང་ལས་ཕྱོད་དང་ལས་ཀའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། ཕྱོགས་ཁག་གི་ཐོན་ཁུངས་བསྡུ་སྒྲིལ་དང་གཙོ་རྒྱུ་གཅིག་སྡུད་ཀྱིས་འཕྲལ་སྡོམ་ཐག་གཅོད་ཀྱི་གྲ་སྒྲིག་ཡག་པོ་བྱས་ནས་སྤྱི་ཚོགས་ཀྱི་སྒྲིག་ལམ་དང་དཔལ་འབྱོར་གྱི་སྒྲིག་ལམ་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་བཀོད་འདོམས་ལྟེ་གནས་སུ་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་སྙན་སེང་ནན་ཏན་ངང་གསན་པ་དང་། ས་ཁུལ་དང་གྲོང་ཁྱེར་ཁག་གི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་ས་གནས་ས་ཐོག་ཏུ་བཀོད་གཏོང་གནང་ནས་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་མ་ཟད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པས་དཀའ་སྤྱད་འབད་བརྩོན་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པ་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་གི་བྱེད་ཐབས་དོན་འཁྱོལ་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་མཐུན་སྒྲིལ་བརྟན་ལྷིང་གི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་རྣམ་པ་རྒྱུན་མཐུད་སྲ་བརྟན་དུ་གཏོང་དགོས། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་མཐའ་ཚད་ཀྱི་བསམ་བློ་བརྟན་པོ་བཙུགས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟམ་མི་ཆད་པར་བརྟན་པོ་འཛུགས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། སྔོན་ཇུས་མ་ལག་ཁག་བབ་བསྟུན་ངང་འཐུས་སྒོ་ཚང་དུ་གཏོང་བ། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་དངོས་འཐབ་ནང་སྦྱོང་ལ་ཤུགས་སྣོན་རྒྱག་པ། ཆོས་ལུགས་ལས་དོན་དོ་དམ་ལ་ཁྲིམས་ལྟར་ཤུགས་སྣོན་རྒྱག་པ། འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་ཏན་ཏིག་བཅས་བྱས་ཏེ་ལས་ཀའི་རང་འགུལ་དབང་ཆར་སྟངས་འཛིན་ནན་པོ་བྱེད་དགོས། ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་ནས་ཁྲིམས་ལྟར་བོད་སྐྱོང་གི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། ཁྲིམས་སྐྱོང་གི་བསམ་བློ་དང་ཁྲིམས་སྐྱོང་གི་བྱེད་ཐབས་རང་རྟོགས་ངང་སྤྱད་དེ་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་སྐུལ་འདེད་གཏོང་བ་དང་། ཚན་རིག་ཅན་གྱི་ལམ་སྲོལ་དང་རྒྱུན་རྣམ་ཅན་དང་ཁྲིམས་སྐྱོང་ཅན་གྱི་འདུ་ཤེས་ལ་བརྟེན་ནས་བརྟན་ལྷིང་སྲུང་སྐྱོང་ལས་དོན་དེ་དུས་རྒྱུན་དུ་སྤེལ་བ་དང་། རྟག་ཏུ་སྒྲུབ་པ། གཞི་རིམ་དུ་དོན་འཁྱོལ་བཅས་བྱེད་དགོས་པ་དང་། བཅའ་ཁྲིམས་ཁྱབ་གདལ་གཏོང་བའི་ལས་དོན་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། མང་ཚོགས་ཀྱིས་གོ་བདེ་བའི་སྐད་ཆ་དང་ལྟ་འདོད་ཅིང་ཉན་སྤྲོ་བའི་བྱེད་ཐབས་ལ་བརྟེན་ནས་རྒྱ་ཆེའི་མང་ཚོགས་ཀྱི་ཁྲོད་དུ་བཅའ་ཁྲིམས་དྲིལ་བསྒྲགས་བྱས་ཏེ། སྤྱི་ཚོགས་ཡོངས་སུ་རང་རྟོགས་ངང་ཁྲིམས་སྲུང་བ་དང་། ལས་དོན་སྒྲུབ་དུས་ཁྲིམས་གཞིར་བཟུང་བ། གནས་ཚུལ་འཕྲད་དུས་ཁྲིམས་ཁུངས་འཚོལ་བ། གནད་དོན་ཐག་གཅོད་དུས་ཁྲིམས་ལ་བསྟུན་པ་བཅས་ཀྱི་དར་སྲོལ་བཟང་པོ་ཆགས་པར་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་བརྒྱུད་རིམ་ལྡན་པའི་བསམ་གཞིག་ལ་བརྟེན་ནས་ཉེན་ཁ་འགོག་ཟོན་བྱེད་ཤུགས་ཆེ་རུ་གཏོང་དགོས། ཉེན་བརྡ་སྔ་ཙམ་གཏོང་བ་དང་། ཐག་གཅོད་མགྱོགས་པོ་བྱེད་པ། འཆར་གཞི་ཕུགས་ལ་འགོད་པ་བཅས་མཐའ་འཁྱོངས་བྱས་ཏེ། དོགས་ཟོན་རང་བཞིན་དང་། སྔོན་དཔག་རང་བཞིན། ཚན་རིག་དང་མཐུན་པའི་བརྡར་གཅོད་ནུས་པ་བཅས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་བདེ་འཇགས་ཀྱི་སྤྱི་ཡོངས་ཀྱི་སྔོན་འགོག་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། མགྱོགས་མྱུར་དང་ལེན་གྱི་ལམ་སྲོལ་དོན་འཁྱོལ་ནན་པོ་བཅས་བྱས་ནས་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས། མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། “གསུམ་བྱས་པ་གསུམ”གྱི་ལས་ཀའི་ལམ་སྲོལ་དོན་འཁྱོལ་ནན་ཏན་བྱེད་པ། སྤྱི་པའི་བདེ་འཇགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་བྱེད་ཐབས་དོན་འཁྱོལ་ནན་པོ་བྱེད་པ། འགྲོ་ལམ་འགྲིམ་འགྲུལ་དང་ཨར་ལས་འཛུགས་སྐྲུན་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་དང་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ། བདེ་འཇགས་ཀྱི་ལས་འཛོལ་ཚབས་ཆེན་དང་ཧ་ཅང་ཚབས་ཆེན་ཐོན་རྒྱུར་འགོག་ཟོན་དང་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་སྤྱོད་ཚུལ་རྒྱུན་མཐུད་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་ལས་དོན་ཁག་གི་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཐོག་མཐའ་བར་གསུམ་དུ་བརྟན་ལྷིང་སྲུང་སྐྱོང་དེ་ལས་འགན་ཨང་དང་པོར་བརྩིས་ནས་ཁོངས་གཏོགས་ཁུལ་གྱི་འགན་འཁྲི་དང་སྡེ་ཚན་གྱི་འགན་འཁྲི་ནན་ཏན་བསྒྲུབས་ཏེ་དམ་པ་དོན་གཉེར་དང་དངོས་འཛིན་དངོས་སྒྲུབ་ཀྱིས་བརྟན་ལྷིང་སྲུང་སྐྱོང་གི་ལས་ཀའི་མཉམ་ཤུགས་ཤིག་ཆགས་པར་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ནས་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་འདོན་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤོང་བ། དམངས་ཆེད་སྲིད་དོན་ལས་རྗེས་འཇོག་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་དོན་ལས་རྗེས་འཇོག་པ་མཐའ་འཁྱོངས་བྱེད་པ། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ནས་ལས་དོན་ཁག་ལ་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས། ཉེན་རྟོག་པ་ནན་སྐྱོང་དང་ཉེན་རྟོག་པར་གཟིགས་སྐྱོང་ཟུང་འབྲེལ་བྱས་ཏེ་འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་གིས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་གཞུང་དྲང་། འགན་ཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་སྲིད་ཁྲིམས་དཔུང་ཁག་ཅིག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།