དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ནན་ཏན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-01

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ནན་ཏན་དང་། རང་ལྗོངས་ཀྱི་ལག་བསྟར་དོན་འཁྱོལ་ལས་དོན་ལ་ཞིབ་འཇུག་ཀྱང་གནང་བ་རེད།

    ཝང་ཅུན་ཀྲེང་གིས་བསྟན་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཏུང་ཏེ་ཀྲོའུ་རུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་པ་དང་ནང་དོན་ཕུན་སུམ་ཚོགས་པས། ང་ཚོར་ལས་དོན་ཡག་པོ་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། “ཞིང་གསུམ”ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་དང་། འཛུགས་སྐྲུན། བཅོས་སྐྱོང་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ཚན་རྩལ་ལ་བརྟེན་ནས་དེང་རབས་ཀྱི་ཞིང་འབྲོག་ལས་ལ་མཐུན་རྐྱེན་སྦྱོར་བར་སྐུལ་འདེད་གཏོང་བ་དང་། ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ། ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་དང་སྤུས་ཚད་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱེད་དགོས། རྫོང་ཁོངས་དཔལ་འབྱོར་གོང་འཕེལ་ཤུགས་ཆེན་གཏོང་བ་དང་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་རྒྱ་སྟོབས་ཆེ་རུ་བཏང་སྟེ་ཁྱིམ་ཚང་ཁྲི་སྟོང་མང་པོའི་ཐོན་སྐྱེད་ཆུང་ངུ་དང་སྤྱི་ཚོགས་རིང་ལུགས་ཀྱི་འགྱུར་ལྡོག་ཆེ་བའི་ཁྲོམ་ར་ཆེན་པོ་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཐབས་མང་མཉམ་སྤྱོད་ཀྱིས་ཞིང་འབྲོག་པར་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས། ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག་མཐའ་འཁྱོངས་བྱས་ཏེ་འབྲུ་རིགས་ཐོན་སྐྱེད་ཀྱི་སྲིད་ཇུས་རྒྱབ་སྐྱོར་ཁག་དོན་འཁྱོལ་བྱེད་པ་དང་། འབྲུ་རིགས་དང་ལྷག་པར་དུ་ནས་ཀྱི་ཐོན་སྐྱེད་ནུས་པ་ཆེ་རུ་གཏོང་བ། རྨོ་ཞིང་སྲུང་སྐྱོང་གི་དམར་ཐིག་དང་འབྲུ་རིགས་བདེ་འཇགས་ཀྱི་མཐའ་ཚད་མཐའ་གཅིག་ཏུ་སྲུང་བ་བཅས་བྱེད་དགོས། “ཁྲི་སྟོང་ལས་གཞིའི”ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་དང་། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལ་མུ་མཐུད་བཅོས་སྒྲིག་བྱེད་པ། གྲོང་གསེབ་ཀྱི་སྤྱི་པའི་ཞབས་ཞུའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། གྲོང་གསེབ་བཅོས་སྐྱོང་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ས་མཐོའི་གནས་འཕྲོད་ལས་འཚམ་དང་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཤར་ནུབ་རྒྱུད་ཀྱི་མཐུན་སྦྱོར་ལས་དོན་རྒྱུན་རྣམ་ཅན་བཞིན་ཡག་པོ་སྒྲུབ་རྒྱུའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། རང་རྟོགས་ངང་བོད་ཀྱི་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་གཞིག་ཇུས་འགོད་དང་ཞིབ་འཇུག་སྐུལ་གཏོང་བཅས་བྱས་ཏེ། རང་འགུལ་ངང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་གྱི་ཚད་གཞི་དང་ཡང་ཡང་བསྡུར་བ་དང་། རྒྱལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཁྲོད་ཀྱི་གནས་བབ་ཡང་དག་འཚོལ་བ། རྒྱལ་ཁབ་ཀྱི་དགོས་མཁོ་དང་། བོད་ཀྱི་སྒྲུབ་ཐུབ་པའི་བྱ་བ། མང་ཚོགས་ཀྱི་རེ་སྒུག་བཅས་ལ་དམ་པོར་དམིགས་ནས། སྤྱི་ཡོངས་ནས་ས་ཁོངས་གཅིག་ལ་ཇུས་འགོད་དང་ས་ཁོངས་གཅིག་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་དགོས། “རྒྱུད་གཅིག་ལམ་གཅིག”དང་། ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པ། དུས་རབས་གསར་པའི་ནུབ་རྒྱུད་ཐོན་འབྱེད་ཆེ་མོ་འཛུགས་སྐྲུན་བཅས་དང་མཉམ་འདྲེས་གཏིང་ཟབ་བྱས་ཏེ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱུན་མཐུད་རྒྱ་སྐྱེད་གཏོང་བ་དང་བོད་ཀྱི་སྲིད་ཇུས་ཀྱི་ལེགས་ཆ་དང་། ས་བབ་ཀྱི་ལེགས་ཆ། ཐོན་ཁུངས་ཀྱི་ལེགས་ཆ་བཅས་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་རྒྱུན་ཆད་མེད་པར་བསྒྱུར་ནས། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རོགས་སྐྱོར་དང་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་དཀའ་སྤྱད་འབད་འཐབ་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དབར་གྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་དང་བྱེད་ཐབས་ལེགས་སུ་གཏོང་བ། ལས་ཀའི་སྤུས་ཚད་ལེགས་སུ་དང་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཐོག ལེགས་ཆ་གསབ་རེས་དང་། ཕྱོགས་གཉིས་ཕན་ཚུན་མཐུན་རྐྱེན་སྦྱོར་བ། ཐུན་མོང་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཤིན་ཧྭ་གསར་འགྱུར་ཁང་གི་ཏང་ཡོན་རྒན་གྲས་ཀྲང་ལེན་ཧྲེང་ལ་སྤྲིངས་པའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་དང་། གསར་བརྗེའི་སྲོལ་རྒྱུན་དར་སྤེལ་ཤུགས་ཆེན། གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན། གུང་ཁྲན་ཏང་མིའི་སྙིང་སྟོབས་རྒྱུན་མཐུད། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། རང་འགན་གཙང་སྒྲུབ་དང་དངོས་སྒྲུབ་འགན་འཁུར། སྤྱོད་ཚུལ་རྒྱུན་མཐུད་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ཆེད་ཕུལ་དུ་བྱུང་བའི་རྒྱུགས་ལན་ཧུར་ཐག་འབུལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།