དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • 《ནར་མ་སོན་པའི་མིའི་ཉེས་གསོག་སྔོན་འགོག་བྱ་རྒྱུའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》ལག་བསྟར་བྱ་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས།


  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-26

    (2015ལོའི་ཟླ་9ཚེས་23ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉི་ཤུ་པའི་ཐོག་གྲོས་འཆམ་བྱུང་བ་དང་། 2025ལོའི་ཟླ་11ཚེས་28ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉི་ཤུ་པའི་ཐོག་བསྐྱར་བཅོས་བྱས་པ)

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

    [2025]ཡིག་ཨང་14པ།

    《〈ནར་མ་སོན་པའི་མིའི་ཉེས་གསོག་སྔོན་འགོག་བྱ་རྒྱུའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས〉ལག་བསྟར་བྱ་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས》འདི་2025ལོའི་ཟླ་11ཚེས་28ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉི་ཤུ་པའི་ཐོག་བསྐྱར་བཅོས་བྱས་ནས་གྲོས་འཆམ་བྱུང་དོན་བཞིན་ད་ལྟ་ཡོངས་བསྒྲགས་བྱ་རྒྱུ་ཡིན་ཞིང་། 2026ལོའི་ཟླ་དང་པོའི་ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།

    2025ལོའི་ཟླ་11ཚེས་28ལ།

    དཀར་ཆག

    ལེའུ་དང་པོ། སྤྱིའི་རྩ་དོན།

    ལེའུ་གཉིས་པ། ཉེས་གསོག་སྔོན་འགོག་གི་སློབ་གསོའི་སྐོར།

    ལེའུ་གསུམ་པ། ཚུལ་མིན་བྱེད་སྤྱོད་ལ་ཐེ་གཏོགས་བྱེད་ཕྱོགས་སྐོར།

    ལེའུ་བཞི་པ། ཚབས་ཆེའི་ཚུལ་མིན་བྱེད་སྤྱོད་ཡོ་བཅོས་བྱེད་ཕྱོགས་སྐོར།

    ལེའུ་ལྔ་པ། བསྐྱར་དུ་ཉེས་པ་གསོག་པར་སྔོན་འགོག་བྱེད་ཕྱོགས་སྐོར།

    ལེའུ་དྲུག་པ། བཅའ་ཁྲིམས་ཀྱི་འགན་འཁྲིའི་སྐོར།

    ལེའུ་བདུན་པ། ཞར་བྱུང་།


    ལེའུ་དང་པོ། སྤྱིའི་རྩ་དོན།

    དོན་ཚན་དང་པོ། ནར་མ་སོན་པའི་མིའི་ལུས་སེམས་སྐྱོན་བྲལ་ངང་འཚར་ལོངས་ཡོང་བའི་འགན་སྲུང་དང་། ནར་མ་སོན་པའི་མིའི་སྤྱོད་བཟང་གསོ་སྐྱོང་། ནར་མ་སོན་པའི་མིས་ཁྲིམས་འགལ་ཉེས་གསོག་བྱེད་རིགས་སྔོན་འགོག་ནུས་ལྡན་བཅས་བྱེད་ཆེད། 《ནར་མ་སོན་པའི་མིའི་ཉེས་གསོག་སྔོན་འགོག་བྱ་རྒྱུའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གཞིར་བཟུང་། རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་བྱ་ཐབས་འདི་བཟོས་པ་ཡིན།

    དོན་ཚན་གཉིས་པ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་ནར་མ་སོན་པའི་མིས་ཉེས་པ་གསོག་པར་སྔོན་འགོག་དང་དེ་བཞིན་འབྲེལ་ཡོད་བྱེད་སྒོ་སྤེལ་བར་བྱ་ཐབས་འདི་སྤྱད་ན་འཐུས།

    དོན་ཚན་གསུམ་པ། ནར་མ་སོན་པའི་མིས་ཉེས་པ་གསོག་པར་སྔོན་འགོག་བྱེད་པའི་ཐད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས། དེ་བཞིན་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་གཙོ་གནད་དུ་འཛིན་པ། ནར་མ་སོན་པའི་མི་འཚར་ལོངས་ཡོང་བའི་ཁོར་ཡུག་ལེགས་སུ་གཏོང་བ། ནར་མ་སོན་པའི་མིར་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་ཡང་དག་པ་འཛུགས་པར་སློབ་གསོ་ཁྲིད་སྟོན་བྱས་ནས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭའི་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོཌ་རིང་ལུགས་བཅས་ལ་མོས་སེམས་གཅིག་མཐུན་ཡོང་ཤུགས་ཆེ་རུ་གཏོང་དགོས།

    དོན་ཚན་བཞི་པ། ནར་མ་སོན་པའི་མིས་ཉེས་པ་གསོག་པར་སྔོན་འགོག་བྱེད་པའི་ཐད། ནར་མ་སོན་པའི་མིར་སློབ་གསོ་རྒྱག་པ་དང་སྲུང་སྐྱོབ་བྱ་རྒྱུ་ཟུང་འབྲེལ་བྱེད་པ་དང་། སྔོན་འགོག་བྱ་རྒྱུ་གཙོར་བཟུང་དང་སྔོན་ཚུད་ནས་ཐེ་གཏོགས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ནར་མ་སོན་པའི་མིའི་ཚུལ་མིན་བྱེད་སྤྱོད་དང་ཚབས་ཆེའི་ཚུལ་མིན་བྱེད་སྤྱོད་ལ་དུས་ཐོག་ཏུ་རིམ་པ་དབྱེ་ནས་སྔོན་འགོག་དང་། ཐེ་གཏོགས། ཡོ་བཅོས་བཅས་བྱེད་དགོས།

    དོན་ཚན་ལྔ་པ། ནར་མ་སོན་པའི་མིས་ཉེས་པ་གསོག་པར་སྔོན་འགོག་བྱེད་པའི་ཐད། རིམ་ཁག་ཏང་ཨུད་ཀྱི་འགོ་ཁྲིད་དང་སྲིད་གཞུང་གི་རྩ་འཛུགས་འོག་ཕྱོགས་བསྡུས་བཅོས་སྐྱོང་བྱ་རྒྱུ།

    རྒྱལ་ཁབ་ལས་ཁུངས་དང་། མི་དམངས་ཚོགས་པ། སྤྱི་ཚོགས་རྩ་འཛུགས། ཁེ་ལས་དང་བྱ་གཞག་ཚན་པ། ཡུལ་མི(གྲོང་མི)ཨུ་ཡོན་ལྷན་ཁང་། སློབ་གྲྭ། ཁྱིམ་ཚང་སོགས་ཀྱིས་རང་འགན་གཙང་སྒྲུབ་དང་ཕན་ཚུན་གཞོགས་འདེགས་བྱས་ནས། ཐུན་མོང་ཐོག་ནར་མ་སོན་པའི་མིས་ཉེས་པ་གསོག་པར་སྔོན་འགོག་བྱེད་པའི་ལས་དོན་ཡག་པོ་སྒྲུབ་དགོས།

    དོན་ཚན་དྲུག་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ནར་མ་སོན་པའི་མིས་ཉེས་པ་གསོག་པར་སྔོན་འགོག་བྱེད་པའི་གཤམ་གསལ་གྱི་འགན་འཁྲི་སྒྲུབ་དགོས་པ་སྟེ།

    (གཅིག)ནར་མ་སོན་པའི་མིས་ཉེས་པ་གསོག་པར་སྔོན་འགོག་བྱ་རྒྱུའི་ལས་ཀའི་འཆར་འགོད་བཟོ་རྒྱུ་མ་ཟད་ལག་བསྟར་སྒྲིག་འཛུགས་བྱེད་དགོས་པ་དང་།

    (གཉིས)འབྲེལ་ཡོད་སྡེ་ཚན་གྱིས་ནར་མ་སོན་པའི་མིས་ཉེས་པ་གསོག་པར་སྔོན་འགོག་བྱེད་པའི་ལས་ཀ་སྒྲིག་འཛུགས་དང་མཐུན་སྦྱོར་བྱས་ནས་ནར་མ་སོན་པའི་མིས་ཉེས་པ་གསོག་པར་སྔོན་འགོག་བྱེད་པའི་ལས་ཀའི་ཁྲོད་ཀྱི་གལ་ཆེའི་གནད་དོན་ཐག་གཅོད་བྱེད་དགོས་པ།

    (གསུམ)ནར་མ་སོན་པའི་མིས་ཉེས་པ་གསོག་པར་སྔོན་འགོག་བྱེད་པའི་ལས་ཀར་སྲིད་ཇུས་ཐོག་ནས་རྒྱབ་སྐྱོར་དང་གྲོན་དངུལ་ཐོག་ནས་འགན་སྲུང་བྱེད་དགོས་པ།

    (བཞི)བྱ་ཐབས་འདི་ལག་བསྟར་བྱས་ཚུལ་དང་ལས་ཀའི་འཆར་འགོད་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱེད་དགོས་པ།

    (ལྔ)ནར་མ་སོན་པའི་མིས་ཉེས་པ་གསོག་པར་སྔོན་འགོག་བྱེད་པའི་དྲིལ་བསྒྲགས་སློབ་གསོ་སྤེལ་རྒྱུ་སྒྲིག་འཛུགས་བྱེད་དགོས་པ།

    (དྲུག)ནར་མ་སོན་པའི་མིས་ཉེས་པ་གསོག་པར་སྔོན་འགོག་བྱེད་པའི་ལས་ཀའི་འགན་འཁྲི་གཞན་དག་བཅས་སོ།

    རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་ནར་མ་སོན་པའི་མིས་ཉེས་པ་གསོག་པར་སྔོན་འགོག་བྱེད་པའི་ལས་དོན་ཆ་འཕྲིན་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་དང་། སློབ་གསོ་དང་། སྤྱི་བདེ། ཁྲིམས་འཛིན་སྲིད་འཛིན། མི་དམངས་ཞིབ་དཔྱོད་ཁང་། མི་དམངས་ཁྲིམས་ཁང་སོགས་འབྲེལ་ཡོད་སྡེ་ཚན་དང་ཚན་པ་སྒྲིག་འཛུགས་བྱས་ནས། ནར་མ་སོན་པའི་མིས་ཉེས་པ་གསོག་པར་སྔོན་འགོག་བྱེད་པའི་ལས་ཀའི་ཆ་འཕྲིན་མཉམ་སྤྱོད་བྱེད་ལམ་འཛུགས་དགོས།

    དོན་ཚན་བདུན་པ། སྤྱི་བདེ་དང་། སློབ་གསོ། དམངས་སྲིད། ཁྲིམས་འཛིན་སྲིད་འཛིན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་། རིག་གནས་དང་ཡུལ་སྐོར། འཕྲོད་བསྟེན་བདེ་ཐང་། དྲ་འཕྲིན། ཁྲོམ་ར་ལྟ་སྡོམ་སོགས་འབྲེལ་ཡོད་སྡེ་ཚན་དང་། དེ་བཞིན་མི་དམངས་ཞིབ་དཔྱོད་ཁང་དང་མི་དམངས་ཁྲིམས་ཁང་གིས་སོ་སོའི་འགན་འཁྲི་ལྟར་ནར་མ་སོན་པའི་མིས་ཉེས་པ་གསོག་པར་སྔོན་འགོག་བྱེད་པའི་ལས་དོན་ཡག་པོ་སྒྲུབ་དགོས།

    གུང་ཁྲན་རིང་ལུགས་གཞོན་ནུ་སྡེ་ཚོགས་དང་། བུད་མེད་མཉམ་འབྲེལ་ལྷན་ཚོགས། བཟོ་ཚོགས། དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་བཅས་དང་དེ་བཞིན་འབྲེལ་ཡོད་སྤྱི་ཚོགས་རྩ་འཛུགས་སོགས་ཀྱིས་ངེས་པར་དུ་རིམ་ཁག་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་དང་། མི་དམངས་ཞིབ་དཔྱོད་ཁང་། མི་དམངས་ཁྲིམས་ཁང་བཅས་ལ་གཞོགས་འདེགས་བྱས་ནས་ནར་མ་སོན་པའི་མིས་ཉེས་པ་གསོག་པར་སྔོན་འགོག་བྱེད་པའི་ལས་དོན་ཡག་པོ་སྒྲུབ་དགོས།

    དོན་ཚན་བརྒྱད་པ། ཡུལ་མི(གྲོང་མི)ཨུ་ཡོན་ལྷན་ཁང་གིས་ཤང་དང་གྲོང་རྡལ་མི་དམངས་སྲིད་གཞུང(ཁྲོམ་གཞུང་དོན་གཅོད་ཁང)གི་མཛུབ་ཁྲིད་འོག ནར་མ་སོན་པའི་མིས་ཉེས་པ་གསོག་པར་སྔོན་འགོག་བྱེད་པའི་གཤམ་གསལ་གྱི་ལས་དོན་སྤེལ་དགོས་པ་སྟེ།

    (གཅིག)ནར་མ་སོན་པའི་མིས་ཉེས་པ་གསོག་པར་སྔོན་འགོག་བྱེད་པར་དམིགས་པའི་སྒོ་ནས་དྲིལ་བསྒྲགས་བྱེད་སྒོ་ཧུར་ཐག་སྤེལ་དགོས་པ་དང་།

    (གཉིས)ནར་མ་སོན་པའི་མིས་ཉེས་པ་གསོག་པར་སྔོན་འགོག་བྱེད་པའི་ལས་དོན་ནང་དྲ་མིག་ཅན་དང་སྤྱི་ཚོགས་རྩ་འཛུགས་སོགས་ཞུགས་རྒྱུ་སྒྲིག་འཛུགས་དང་ཁྲིད་སྟོན་བྱེད་དགོས་པ།

    (གསུམ)སྤྱི་བདེ་ལས་ཁུངས་ལ་སློབ་གྲྭའི་ཉེ་འཁོར་གྱི་བདེ་འཇགས་སྒྲིག་ལམ་སྲུང་རོགས་བྱེད་དགོས་པ།

    (བཞི)ཁྲིམས་འཛིན་ལས་ཁུངས་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་བྱས་ནས་སྡེ་ཁུལ་གྱི་ཡོ་བཅོས་དང་ལེན་བྱེད་མཁན་དང་། ཁྲིམས་ཆད་འཁུར་ཡུན་འཐིམས་ནས་གློད་འགྲོལ་བཏང་བ། ཡོ་བཅོས་མེད་པར་བཟོས་པ་བཅས་ཀྱི་ནར་མ་སོན་པའི་མི་བཀོད་སྒྲིག་དང་དེར་རོགས་རམ་སློབ་གསོའི་ལས་དོན་ཡག་པོ་སྒྲུབ་དགོས་པ།

    (ལྔ)མངའ་ཁོངས་དེ་གའི་ནང་གི་ནར་མ་སོན་པའི་མིར་ལྟ་སྐྱོང་དང་། དེའི་སློབ་ཞུགས། ལས་ཞུགས། ཕྱོགས་འགྲོ་སོགས་ཀྱི་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་བྱེད་དགོས་པ།

    (དྲུག)ནར་མ་སོན་པའི་མིས་ཉེས་པ་གསོག་པར་སྔོན་འགོག་བྱེད་པའི་ལས་ཀ་གཞན་དག་བཅས་སོ།

    དོན་ཚན་དགུ་པ། རང་སྐྱོང་ལྗོངས་ཀྱིས་ནར་མ་སོན་པའི་མིས་ཉེས་པ་གསོག་པར་སྔོན་འགོག་བྱེད་པའི་འབྲེལ་ཡོད་ལས་དོན་ནང་སྤྱི་ཚོགས་ལས་དོན་ཞབས་ཞུའི་ལས་ཚན་དང་དང་བླངས་ཞབས་ཞུའི་རྩ་འཛུགས་སོགས་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཁྲིམས་ལྟར་ཞུགས་རྒྱུར་སྐུལ་ལྕག་དང་། རྒྱབ་སྐྱོར། མཛུབ་ཁྲིད་བཅས་བྱས་ནས། ནར་མ་སོན་པའི་མིའི་སེམས་ཁམས་ལ་ཐེ་གཏོགས་དང་། བྱེད་སྤྱོད་ཡོ་བཅོས། དེར་བཅའ་ཁྲིམས་ཐོག་ནས་རོགས་སྐྱོར་སོགས་བྱེད་པའི་ཆེད་ལས་ཞབས་ཞུ་སྒྲུབ་དགོས་པ་མ་ཟད། ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས།

    དོན་ཚན་བཅུ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཆེད་དམིགས་སློབ་གསོ་གོང་འཕེལ་གཏོང་རྒྱུ་དང་ཆེད་དམིགས་སློབ་གྲྭ་འཛུགས་གཉེར་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུ་དང་སློབ་གསོ་གོང་འཕེལ་གཏོང་རྒྱུའི་འཆར་འགོད་ནང་བཅུག་ནས། གཅིག་གྱུར་ཐོག་ཆེད་དམིགས་སློབ་གྲྭའི་འཆར་གཞི་བཀོད་སྒྲིག་དང་འཛུགས་སྐྲུན་འཆར་འགོད་བྱེད་དགོས། རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་ཆེད་དམིགས་སློབ་གསོའི་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ་དང་། དགོས་མཁོར་གཞིགས་ནས་ཆེད་དམིགས་སློབ་གྲྭ་ལུགས་མཐུན་འཛུགས་རྒྱུ།

    ཆེད་དམིགས་སློབ་གསོའི་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་དེ་སློབ་གསོ་དང་། དམངས་སྲིད། ནོར་སྲིད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་། སྤྱི་བདེ། ཁྲིམས་འཛིན་སྲིད་འཛིན། མི་དམངས་ཞིབ་དཔྱོད་ཁང་། མི་དམངས་ཁྲིམས་ཁང་། གུང་ཁྲན་རིང་ལུགས་གཞོན་ནུ་སྡེ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས། མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་དོན་ཨུ་ཡོན་ལྷན་ཁང་། ཆེད་དམིགས་སློབ་གྲྭ་སོགས་སྡེ་ཚན་དང་། དེ་བཞིན་བཅའ་ཁྲིམས་དང་། སློབ་གསོ། སེམས་ཁམས། སྤྱི་ཚོགས་ལས་དོན་པ་སོགས་ཐད་ཀྱི་རིགས་གཅིག་མཁས་དབང་ལས་གྲུབ་པ་དང་། དེས་ཆེད་དམིགས་སློབ་གྲྭའི་སློབ་ཁྲིད་དང་དོ་དམ་སོགས་ཀྱི་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་གཏན་འཁེལ་བྱས་ནས་ཚན་རིག་དང་མཐུན་ཞིང་། རང་ཚུགས་ལྡན་པ་དང་། ཕྱོགས་གསུམ་པ་ཞུགས་པའི་དཔྱད་དཔོག་ལམ་སྲོལ་འཛུགས་དགོས།

    དོན་ཚན་བཅུ་གཅིག་པ། ནར་མ་སོན་པའི་མིས་ཉེས་པ་གསོག་པར་སྔོན་འགོག་བྱེད་པའི་ལས་ཀར་གྲུབ་འབྲས་མངོན་གསལ་དོད་པོ་འཇོག་མཁན་རྩ་འཛུགས་དང་མི་སྒེར་ལ་རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་གཟེངས་བསྟོད་དང་བྱ་དགའ་སྤྲོད་རྒྱུ།

    ལེའུ་གཉིས་པ། ཉེས་གསོག་སྔོན་འགོག་གི་སློབ་གསོའི་སྐོར།

    དོན་ཚན་བཅུ་གཉིས་པ། རྒྱལ་ཁབ་ཀྱི་ལས་ཁུངས་དང་། སྤྱི་ཚོགས། སློབ་གྲྭ། ཁྱིམ་ཚང་བཅས་ཀྱིས་ངེས་པར་དུ་ནར་མ་སོན་པའི་མིར་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སློབ་གསོ། བོད་གསར་རྙིང་བསྡུར་བའི་སློབ་གསོ་སོགས་རྒྱག་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། ཉེས་གསོག་སྔོན་འགོག་དང་འབྲེལ་བ་ཡོད་པའི་ཀུན་སྤྱོད་སློབ་གསོ་དང་། ཁྲིམས་སྐྱོང་སློབ་གསོ། ཚེ་སྲོག་སློབ་གསོ། སེམས་ཁམས་བདེ་ཐང་གི་སློབ་གསོ། མཚན་མའི་བདེ་ཐང་གི་སློབ་གསོ། དུག་འགོག་སློབ་གསོ་བཅས་སྤེལ་ནས་ནར་མ་སོན་པའི་མིས་ཁྲིམས་འགལ་གྱི་བཙན་གནོད་རིགས་ལ་དབྱེ་འབྱེད་འགོག་ཟོན་ཐོག་ཁ་གཏད་གཅོག་ཐུབ་པའི་འདུ་ཤེས་དང་རང་བརྟེན་ལྟ་སྡོམ་བྱེད་ནུས་ཆེ་རུ་གཏོང་དགོས།

    དོན་ཚན་བཅུ་གསུམ་པ། ནར་མ་སོན་པའི་མིའི་ཕ་མའམ་ཡང་ན་ལྟ་སྐྱོང་པ་གཞན་དག་གིས་ནར་མ་སོན་པའི་མིར་ཉེས་གསོག་སྔོན་འགོག་གི་སློབ་གསོ་རྒྱག་རྒྱུར་ཐད་ཀའི་འགན་འཁུར་དགོས་ཤིང་། ལྟ་སྐྱོང་གི་འགན་འཁྲི་དང་ལེན་མི་བྱེད་པའམ་ཡང་ན་དེར་ཟོལ་འཇོག་བྱེད་རིགས་མི་ཆོག ནར་མ་སོན་པའི་མིའི་ཕ་མ་ཁ་བྲལ་བའམ་ཡང་ན་ཡུན་རིང་མཉམ་མེད་ལོགས་སྡོད་བྱས་ཡོད་ཚེ། ངེས་པར་དུ་ཕན་ཚུན་གཞོགས་འདེགས་བྱས་ནས་ནར་མ་སོན་པའི་བུ་ཕྲུག་ལ་ཉེས་གསོག་སྔོན་འགོག་གི་སློབ་གསོ་གང་ལེགས་རྒྱག་དགོས།

    ནར་མ་སོན་པའི་མིའི་ཕ་མའམ་ཡང་ན་ལྟ་སྐྱོང་པ་གཞན་དག་གིས་ངེས་པར་དུ་གཤམ་གསལ་གྱི་སློབ་གསོའི་འགན་བབས་སྒྲུབ་དགོས་པ་སྟེ།

    (གཅིག)ཁྱིམ་སྲོལ་བཟང་པོ་འཛུགས་དགོས་ཤིང་། ནར་མ་སོན་པའི་མིར་ཀུན་སྤྱོད་དང་བྱ་སྤྱོད་ཀྱི་གོམས་གཤིས་བཟང་པོ་འཇགས་རྒྱུར་ཁྲིད་སྟོན་བྱེད་དགོས་པ་དང་། ནར་མ་སོན་པའི་མིར་ཁྱིམ་ཚང་གི་ཁོར་ཡུག་བཟང་པོ་བསྐྲུན་དགོས་པ་དང་།

    (གཉིས)འབྲེལ་ཡོད་བཅའ་ཁྲིམས་ཤེས་བྱ་སློབ་སྦྱོང་བྱེད་དགོས་ཤིང་། ནར་མ་སོན་པའི་མིའི་ཁྲིམས་སྐྱོང་འདུ་ཤེས་དང་ལེགས་ཉེས་ཀྱི་ལྟ་བ་འཛུགས་སྐྱོང་དང་། ནར་མ་སོན་པའི་མིར་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་བྱེད་དགོས་པའི་སློབ་གསོ་རྒྱག་དགོས་པ།

    (གསུམ)ནར་མ་སོན་པའི་མི་དང་འབྲེལ་འདྲིས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ནར་མ་སོན་པའི་མིའི་ལུས་སེམས་ཀྱི་ཁྱད་ཆོས་དང་འཚར་ལོངས་ཀྱི་ཆོས་ཉིད་ཤེས་རྟོགས་བྱེད་པ་དང་། ནར་མ་སོན་པའི་མིའི་སེམས་ཁམས་སམ་ཡང་ན་བྱེད་སྤྱོད་རིགས་རྒྱུན་གཏན་ལྟར་མིན་པ་ཤེས་རྟོགས་བྱུང་ཚེ། ངེས་པར་དུ་འཕྲལ་མར་གནས་ཚུལ་ཤེས་རྟོགས་བྱེད་པ་དང་འབྲེལ་སློབ་གསོ་དང་། ཁྲིད་སྟོན། ཁ་ཏ་བསླབ་བྱ་བཅས་བྱེད་དགོས་པ།

    (བཞི)སློབ་གསོའི་སྡེ་ཚན་དང་སློབ་གྲྭ། དེ་བཞིན་འབྲེལ་ཡོད་སྤྱི་ཚོགས་རྩ་འཛུགས་བཅས་ལ་གཞོགས་འདེགས་བྱས་ནས་ནར་མ་སོན་པའི་མིས་ཉེས་པ་གསོག་པར་སྔོན་འགོག་བྱེད་པའི་ལས་དོན་སྤེལ་ཏེ། སློབ་གྲྭ་སོགས་ཀྱིས་སྒྲིག་འཛུགས་བྱས་པའི་ཁྱིམ་ཚང་སློབ་གསོའི་མཛུབ་ཁྲིད་དང་ལག་ལེན་བྱེད་སྒོའི་ནང་རང་འགུལ་ངང་ཞུགས་པ་དང་། སློབ་གྲྭར་གཞོགས་འདེགས་ཧུར་ཐག་བྱས་ནས་ཁྲིམས་སྐྱོང་སློབ་གསོ་སྤེལ་བ་དང་སློབ་མ་ཕན་ཚུན་བརྙས་བཅོས་བྱེད་རིགས་འགོག་ཟོན་བྱེད་པ་སོགས་ཀྱི་ལས་དོན་སྤེལ་དགོས་པ།

    (ལྔ)ནར་མ་སོན་པའི་མིར་སྐྱོན་བྲལ་ཡར་ཐོན་གྱི་རིག་གནས་ཐོན་རྫས་དང་དྲ་རྒྱའི་ཆ་འཕྲིན་ཉན་པ་དང་ལྟ་ཀློག་བྱ་རྒྱུའི་སློབ་གསོ་རྒྱག་པ་དང་ཁྲིད་སྟོན་བྱེད་དགོས་པ་དང་། ནར་མ་སོན་པའི་མིས་དྲ་རྒྱ་སྤྱོད་པའི་དུས་ཡུན་དང་ནང་དོན་ལ་ལྟ་སྐུལ་བྱས་ནས་ནར་མ་སོན་པའི་མིས་དྲ་སྦྲེལ་ལ་དབྱིངས་ཚུད་རྒྱུར་སྔོན་འགོག་དང་ཐེ་གཏོགས་བྱེད་དགོས་པ་བཅས་སོ།

    དོན་ཚན་བཅུ་བཞི་པ། སློབ་གསོའི་སྲིད་འཛིན་སྡེ་ཚན་དང་སློབ་གྲྭས་ངེས་པར་དུ་ཉེས་གསོག་སྔོན་འགོག་གི་སློབ་གསོ་དེ་སློབ་གྲྭའི་སློབ་ཁྲིད་འཆར་གཞིའི་ནང་འཇུག་དགོས་པ་དང་། དགེ་རྒན་དང་ལས་བཟོ་ཚོས་ནར་མ་སོན་པའི་མིའི་ཁྱད་ཆོས་དང་བསྟུན་ནས་བྱེད་ཐབས་སྣ་མང་སྤྱད་དེ་ནར་མ་སོན་པའི་སློབ་མར་དམིགས་ས་ཡོད་པའི་སྒོ་ནས་ཉེས་གསོག་སྔོན་འགོག་གི་སློབ་གསོ་རྒྱག་དགོས།

    སློབ་གསོའི་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་ནར་མ་སོན་པའི་མིས་ཉེས་པ་གསོག་པར་སྔོན་འགོག་བྱེད་པའི་བཅའ་ཁྲིམས་ཀྱི་ཤེས་བྱ་དང་སེམས་ཁམས་རིག་པའི་ཤེས་བྱ་དེ་དགེ་རྒན་གྱི་རྒྱུན་མཐུད་སློབ་གསོའི་ནང་དོན་ཁོངས་སུ་འཇུག་དགོས་པ་མ་ཟད། ཉེས་གསོག་སྔོན་འགོག་སློབ་གསོའི་ལས་ཀའི་ཕན་འབྲས་དེ་སློབ་གྲྭའི་ལོ་འཁོར་དཔྱད་ཞིབ་ཀྱི་ནང་དོན་ཁོངས་སུ་འཇུག་དགོས།

    སློབ་གསོའི་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་སློབ་མ་ཕན་ཚུན་བརྙས་བཅོས་བྱེད་རིགས་འགོག་ཟོན་དང་ཐག་གཅོད་བྱེད་པའི་ལམ་སྲོལ་འཛུགས་དགོས།

    དོན་ཚན་བཅོ་ལྔ་པ། སློབ་གྲྭས་ངེས་པར་དུ་བཅའ་ཁྲིམས་ལྟར་སློབ་གསོའི་དོ་དམ་གྱི་འགན་འཁྲི་བསྒྲུབས་ནས་ནར་མ་སོན་པའི་མིས་ཉེས་པ་གསོག་པར་སྔོན་འགོག་བྱེད་པའི་གཤམ་གསལ་གྱི་ལས་དོན་ཡག་པོ་སྒྲུབ་དགོས་པ་སྟེ།

    (གཅིག)ཁྲིམས་སྐྱོང་སློབ་གསོ་སྤེལ་མཁན་ཆེད་བསྐོས་སམ་ཡང་ན་གཅིག་ལྕོགས་ཀྱི་སློབ་ཁྲིད་དགེ་རྒན་བཀོད་སྒྲིག་བྱ་རྒྱུ་མ་ཟད། ཁྲིམས་འཛིན་དང་ཁྲིམས་སྒྱུར་ལས་ཁུངས་དང་། ཁྲིམས་རིག་སློབ་གསོ་དང་ཁྲིམས་ལུགས་ཞབས་ཞུའི་ལས་དོན་སོགས་ཚན་པ་ནས་ནར་མ་སོན་པའི་མིས་ཉེས་པ་གསོག་པར་སྔོན་འགོག་བྱེད་པའི་ལས་ཀའི་ཉམས་མྱོང་ལྡན་པའི་མི་སྣ་ཁྲིམས་སྐྱོང་གི་སློབ་སྤྱི་གཞོན་པ་དང་སློབ་ཕྱིའི་ཁྲིམས་སྐྱོང་ཟུར་ཁྲིད་པར་གདན་ཞུ་བྱས་ཏེ། སློབ་གྲྭར་གཞོགས་འདེགས་ཀྱིས་ཉེས་གསོག་སྔོན་འགོག་གི་སློབ་གསོའི་འཆར་གཞི་བཟོ་འགོད་དང་ལག་བསྟར་བྱེད་དགོས་པ་དང་།

    (གཉིས)སེམས་ཁམས་ཟུར་ཁྲིད་ཁང་བཙུགས་ནས་སེམས་ཁམས་བདེ་ཐང་སློབ་གསོའི་ཆེད་བསྐོས་སམ་ཡང་ན་གཅིག་ལྕོགས་ཀྱི་སློབ་ཁྲིད་དགེ་རྒན་བཀོད་སྒྲིག་བྱས་ཏེ། སེམས་ཁམས་བདེ་ཐང་གི་སློབ་ཚན་བཟོས་ནས། ནར་མ་སོན་པའི་སློབ་མར་སེམས་ཁམས་བདེ་ཐང་གི་སློབ་གསོ་རྒྱག་པ་དང་ཟུར་ཁྲིད་བྱེད་དགོས། དངོས་ཡོད་གནས་ཚུལ་ལ་གཞིགས་ནས་ཆེད་ལས་ཅན་གྱི་སེམས་ཁམས་བདེ་ཐང་ལས་ཚན་དང་མཉམ་ལས་བྱས་ཆོག་པ་དང་། སེམས་ཁམས་བདེ་ཐང་དབྱེ་བཤེར་དང་སྔ་ཙམ་ནས་སྔོན་འགོག་བྱེད་པའི་ལམ་སྲོལ་བཙུགས་ཐོག སློབ་མའི་རྒྱུན་གཏན་མིན་པའི་སེམས་ཁམས་དང་བྱེད་སྤྱོད་ཀྱི་གནད་དོན་སྔོན་འགོག་དང་ཐག་གཅོད་བྱེད་དགོས། རྒྱུན་གཏན་མིན་པའི་སེམས་ཁམས་སམ་ཡང་ན་བྱེད་སྤྱོད་རིགས་ཡོད་པའི་ནར་མ་སོན་པའི་སློབ་མར་གཙོ་གནད་དུ་ཟུར་ཁྲིད་བྱེད་དགོས། ནར་མ་སོན་པའི་སློབ་མར་སེམས་པའི་འགོག་རྐྱེན་ཕོག་བཟོ་ཡོད་པ་ཤེས་རྟོགས་བྱུང་ཚེ། ངེས་པར་དུ་དེའི་ཕ་མའམ་ཡང་ན་ལྟ་སྐྱོང་པ་གཞན་དག་ལ་འཕྲལ་མར་གསལ་བརྡ་བཏང་ནས་འབྲེལ་ཡོད་ཆེད་ལས་ཚན་པར་སྨན་བཅོས་བྱེད་པར་སྐྱེལ་དགོས་པ།

    (གསུམ)སློབ་མ་ཕན་ཚུན་བརྙས་བཅོས་བྱེད་རིགས་སྔོན་འགོག་བྱེད་པའི་དམིགས་བཀར་གྱི་ཆེད་དམིགས་སློབ་གསོ་སྤེལ་ཏེ། ཐག་གཅོད་ཀྱི་བརྒྱུད་རིམ་དང་། ཐེར་འདོན་ལམ་སྲོལ། བསྐྱར་གྲོས་ཞུ་སྦྱོར་ཐབས་ལམ་སོགས་འཐུས་སྒོ་ཚང་དུ་བཏང་ནས་སློབ་མར་བརྙས་བཅོས་ཀྱི་བྱེད་སྤྱོད་ཐོན་སྲིད་པའི་མངོན་མེད་རྐྱེན་ངན་སྣ་ཚོགས་གྲལ་བཤེར་ནན་པོ་བྱེད་པ་དང་འབྲེལ་དུས་ཐོག་ཏུ་མེད་པ་བཟོ་དགོས་པ།

    (བཞི)ནར་མ་སོན་པའི་སློབ་མའི་ཕ་མའམ་ཡང་ན་ལྟ་སྐྱོང་པ་གཞན་དག་དང་འབྲེལ་གཏུག་མཐུན་སྦྱོར་བྱེད་པའི་ལམ་སྲོལ་བཙུགས་ནས་ཚན་རིག་དང་མཐུན་པའི་ཁྱིམ་ཚང་གི་སློབ་གསོ་རྒྱག་ཐབས་དང་ནར་མ་སོན་པའི་མིས་ཉེས་པ་གསོག་པར་སྔོན་འགོག་བྱེད་པའི་འབྲེལ་ཡོད་ཤེས་བྱ་སློབ་སྦྱོང་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས་པ་བཅས་སོ།

    དོན་ཚན་བཅུ་དྲུག་པ། ལས་རིགས་གསོ་སྦྱོང་ལས་ཚན་དང་མི་སྣ་བཀོལ་སྤྱོད་བྱེད་མཁན་ཚན་པས་ཧྲིལ་ལོ་བཅུ་དྲུག་ཟིན་ཞིང་། ལས་ཞུགས་བྱེད་གྲབས་ཡོད་པའི་ནར་མ་སོན་པའི་མིར་ལས་རིགས་གསོ་སྦྱོང་བྱེད་སྐབས། ངེས་པར་དུ་ཉེས་གསོག་སྔོན་འགོག་གི་སློབ་གསོ་དེ་གསོ་སྦྱོང་བྱེད་པའི་ནང་དོན་ཁོངས་སུ་འཇུག་དགོས།

    ལེའུ་གསུམ་པ། ཚུལ་མིན་བྱེད་སྤྱོད་ལ་ཐེ་གཏོགས་བྱེད་ཕྱོགས་སྐོར།

    དོན་ཚན་བཅུ་བདུན་པ། བྱ་ཐབས་འདིའི་ནང་བརྗོད་པའི་ཚུལ་མིན་གྱི་བྱེད་སྤྱོད་ཅེས་པ་ནི་ནར་མ་སོན་པའི་མི་བདེ་ཐང་ངང་འཚར་ལོངས་ཡོང་བར་གནོད་པའི་གཤམ་གསལ་བྱེད་སྤྱོད་ལ་ཟེར་བ་སྟེ།

    (གཅིག)ཐ་མག་འཐེན་པ(གློག་རྡུལ་ཐ་མག་ཚུད)དང་ཆང་རག་འཐུང་བ་དང་།

    (གཉིས)སྨན་བཅོས་ཀྱི་དམིགས་ཡུལ་མིན་པར་སྨན་རྫས་གང་བྱུང་དུ་སྤྱོད་པ།

    (གསུམ)སློབ་ཚན་ལ་ཐེངས་མང་མ་ཞུགས་པ་དང་སློབ་བྱོལ་ཐེངས་མང་བྱེད་པ།

    (བཞི)རྒྱུ་མཚན་ཅི་ཡང་མེད་པར་མཚན་མོ་ཁྱིམ་དུ་མི་ལོག་པ་དང་། ཁྱིམ་ནས་ཐོན་འགྲོ་བ།

    (ལྔ)དྲ་རྒྱར་དབྱིངས་ཚུད་པ།

    (དྲུག)སྤྱི་ཚོགས་ཐོག་གི་མི་ངན་དང་འགྲོ་འོང་བྱེད་པ་དང་། ཚུལ་མིན་བྱེད་སྤྱོད་སྤེལ་མཁན་ཚོགས་པ་སྒྲིག་འཛུགས་བྱེད་པའམ་ཡང་ན་དེའི་ནང་ཞུགས་པ།

    (བདུན)བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་ནར་མ་སོན་པའི་མི་འཛུལ་མི་ཆོག་པའི་ས་ཆར་འཛུལ་བ།

    (བརྒྱད)རྒྱན་འཛུགས་པ་དང་། རྣམ་པ་བསྒྱུར་བའི་རྒྱན་འཛུགས་པ། ཡང་ན་བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་དང་ཆོས་ལོག་སོགས་ཀྱི་བྱེད་སྒོར་ཞུགས་པ།

    (དགུ)འདོད་གཡེམ་དང་། ཆགས་སྲེད། གཏུམ་སྤྱོད། མཐར་འཛིན་སོགས་ཀྱི་ནང་དོན་ལྡན་པའི་ཀློག་དེབ་དང་། སྒྲ་ཕབ་བརྙན་དངོས་རིགས་སམ་ཡང་ན་དྲ་རྒྱའི་ཆ་འཕྲིན་སོགས་ལྟ་ཀློག་ཉན་གསུམ་དང་དྲིལ་བསྒྲགས་བྱེད་པ།

    (བཅུ)ནར་མ་སོན་པའི་མིའི་ལུས་སེམས་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་གནོད་པའི་ཚུལ་མིན་བྱེད་སྤྱོད་གཞན་དག་བཅས་སོ།

    དོན་ཚན་བཅོ་བརྒྱད་པ། ནར་མ་སོན་པའི་མིའི་ཕ་མའམ་ཡང་ན་ལྟ་སྐྱོང་པ་གཞན་དག་གིས་ནར་མ་སོན་པའི་མིར་ཚུལ་མིན་གྱི་བྱེད་སྤྱོད་ཡོད་རིགས་ཤེས་རྟོགས་བྱུང་ཚེ། ངེས་པར་དུ་འཕྲལ་མར་བཀག་འགོག་དང་སྐྱོན་བརྗོད་སློབ་གཅུན་བྱེད་དགོས་པ་ལས་ཁྱིམ་ཚང་གི་གཏུམ་སྤྱོད་དང་སྡུག་གཅོད་གཏོང་བའི་བྱེད་སྤྱོད་སྤེལ་མི་ཆོག

    ནར་མ་སོན་པའི་མིའི་ཕ་མའམ་ཡང་ན་ལྟ་སྐྱོང་པ་གཞན་དག་གིས་ནར་མ་སོན་པའི་མིའི་ཚུལ་མིན་བྱེད་སྤྱོད་ལ་ཐེ་གཏོགས་བྱེད་པར་དཀའ་ངལ་འཕྲད་ཚེ། འབྲེལ་ཡོད་སྡེ་ཚན་དང་། སློབ་གྲྭ། ཡུལ་མི(གྲོང་མི)ཨུ་ཡོན་ལྷན་ཁང་ངམ་ཡང་ན་སྤྱི་ཚོགས་རྩ་འཛུགས་སོགས་ལ་རོགས་རམ་བྱེད་རེ་ཞུས་ན་འགྲིག་པ་དང་། འབྲེལ་ཡོད་ལས་ཚན་ནམ་ཡང་ན་རྩ་འཛུགས་ཀྱིས་ངེས་པར་དུ་འཕྲལ་མར་རོགས་རམ་བྱེད་དགོས།

    དོན་ཚན་བཅུ་དགུ་པ། སློབ་གྲྭས་ནར་མ་སོན་པའི་སློབ་མར་ཚུལ་མིན་གྱི་བྱེད་སྤྱོད་ཡོད་པ་ཤེས་རྟོགས་བྱུང་ཚེ། ངེས་པར་དུ་འཕྲལ་མར་བཀག་འགོག་དང་ཡོ་བསྲང་བྱེད་དགོས་པ་དང་། དོ་དམ་དང་སློབ་གསོ་རྒྱག་རྒྱུར་ཤུགས་སྣོན་རྒྱག་དགོས་པ་ལས་མཐོང་ཆུང་བྱེད་མི་ཆོག་པ་མ་ཟད། དེའི་གནས་ཚུལ་ལྟ་སྐྱོང་པར་བརྡ་ཁྱབ་བཏང་སྟེ། ལྟ་སྐྱོང་པར་འགན་དཀྲིས་ནས་ཁྱིམ་ཚང་གི་སློབ་གསོ་རྒྱག་རྒྱུར་ཤུགས་སྣོན་རྒྱག་དགོས། ཡོ་བསྲང་གཏན་ནས་མི་བྱེད་པའམ་ཡང་ན་གནས་ཚུལ་ཚབས་ཆེ་ཡོད་རིགས་ལ། སློབ་གྲྭས་སྦྱོང་བརྡར་ཁྲིད་སྟོན་དང་། ཆེད་དམིགས་སློབ་གསོ། སེམས་ཁམས་རོགས་ཁྲིད། བྱེད་སྤྱོད་བཀག་འགོག་སོགས་ཀྱི་དོ་དམ་སློབ་གསོའི་བྱེད་ཐབས་སྤྱད་ཆོག་པའམ་ཡང་ན་གནས་ཚུལ་ལ་གཞིགས་ནས་ཆད་པ་བཅད་ཆོག

    དོན་ཚན་ཉི་ཤུ་པ། འབྲེལ་ཡོད་སྤྱི་ཚོགས་ཀྱི་རྩ་འཛུགས་དང་། ཚན་པ། སྤྱི་དམངས་བཅས་ཀྱིས་ནར་མ་སོན་པའི་མིས་རྒྱུ་མཚན་ཅི་ཡང་མེད་པར་མཚན་མོ་ཁྱིམ་དུ་མི་ལོག་པ་དང་། ཁྱིམ་ནས་ཐོན་འགྲོ་བ། ཁྲོམ་གཞུང་དུ་འཁྱམས་པ། ནར་མ་སོན་པའི་མི་འཛུལ་མི་ཆོག་པའི་ས་ཆར་འཛུལ་བ་དང་དེ་བཞིན་སློབ་ཚན་ལ་མ་ཕྱིན་པ་དང་སློབ་བྱོལ་བྱས་པ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱུང་ཚེ། བཀག་སྡོམ་བསླབ་བྱ་བྱེད་པ་དང་སློབ་གསོ་རྒྱག་ཆོག་པ་མ་ཟད། དེའི་ཕ་མའམ་ཡང་ན་ལྟ་སྐྱོང་པ་གཞན་དག་དང་། དེ་གནས་སའི་སློབ་གྲྭ་བཅས་དང་འབྲེལ་གཏུག་ཀྱང་བྱས་ཆོག པ་དང་། དགོས་ངེས་སྐབས་སྤྱི་བདེ་ལས་ཁུངས་ལ་སྙན་སེང་ཞུས་ཆོག

    ཡུལ་མི(གྲོང་མི)ཨུ་ཡོན་ལྷན་ཁང་གིས་མངའ་ཁོངས་དེ་གའི་ནང་གི་ནར་མ་སོན་པའི་མིར་ཚུལ་མིན་བྱེད་སྤྱོད་ཡོད་པ་ཤེས་རྟོགས་བྱུང་ཚེ། ངེས་པར་དུ་འཕྲལ་མར་བཀག་འགོག་བྱེད་དགོས་པ་མ་ཟད། དེའི་ཕ་མའམ་ཡང་ན་ལྟ་སྐྱོང་པ་གཞན་དག་ལ་ཁྲིམས་ལྟར་ལྟ་སྐྱོང་བྱེད་འགན་འཁུར་དགོས་པའི་ལྟ་སྐུལ་བྱེད་དགོས།

    དོན་ཚན་ཉེར་གཅིག་པ། དྲ་འཕྲིན་དང་སྤྱི་བདེ་སོགས་སྡེ་ཚན་གྱིས་ནར་མ་སོན་པའི་མིའི་དྲ་འབྲེལ་སྲུང་སྐྱོབ་ལས་ཀར་ལྟ་སྐུལ་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ། དྲ་རྒྱའི་ལས་སྟེགས་ཀྱིས་ནར་མ་སོན་པའི་མིའི་དཔེ་རྣམ་དང་། དངོས་མིང་དཔང་འདོན། ནང་དོན་རིམ་དབྱེ་ལ་སོགས་པའི་འགོག་སྲུང་བླང་བྱ་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས་པ་དང་། དྲ་ཁང་དང་གློག་འགྲན་ཨར་ཁང་སོགས་སུ་ནར་མ་སོན་པའི་མི་འཛུལ་མི་ཆོག་པའི་ལྟ་སྐུལ་བྱས་ནས་ནར་མ་སོན་པའི་མི་དྲ་རྒྱར་དབྱིངས་ཞུགས་རིགས་སྔོན་འགོག་བྱེད་དགོས།

    རྩ་འཛུགས་སམ་མི་སྒེར་སུ་ཞིག་གིས་དྲ་རྒྱའི་ཐོན་རྫས་དང་ཞབས་ཞུའི་ནང་ནར་མ་སོན་པའི་མིའི་ལུས་སེམས་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་གནོད་པ་དང་། ནར་མ་སོན་པའི་མི་ཉེས་པ་གསོག་པར་ཁྲིད་ཉེན་ཡོད་པའི་ཆ་འཕྲིན་རིགས་ཡོད་པ་ཤེས་རྟོགས་བྱུང་ཚེ། དྲ་འཕྲིན་དང་སྤྱི་བདེ་སོགས་སྡེ་ཚན་ལ་ཐེར་འདོན་བྱེད་དབང་ཡོད།

    ལེའུ་བཞི་པ། ཚབས་ཆེའི་ཚུལ་མིན་བྱེད་སྤྱོད་ཡོ་བཅོས་བྱེད་ཕྱོགས་སྐོར།

    དོན་ཚན་ཉེར་གཉིས་པ། བྱ་ཐབས་འདིའི་ནང་བརྗོད་པའི་ཚབས་ཆེའི་ཚུལ་མིན་བྱེད་སྤྱོད་ཅེས་པ་ནི་ནར་མ་སོན་པའི་མིས་ཉེས་ཁྲིམས་ནང་གཏན་འབེབས་བྱས་ཡོད་ཀྱང་ཁྲིམས་བཀོད་ཉེས་དོན་འགན་འཁྲི་འཁུར་བའི་ལོ་ཚད་མ་ལོན་པའི་རྐྱེན་གྱིས་ཉེས་དོན་གྱི་ཆད་པ་མི་གཅོད་རྒྱུའི་བྱེད་སྤྱོད་སྤེལ་རིགས་དང་། དེ་བཞིན་སྤྱི་ཚོགས་ལ་གནོད་འཚེ་ཚབས་ཆེན་གཏོང་བའི་གཤམ་གསལ་བྱེད་སྤྱོད་ལ་ཟེར་བ་སྟེ།

    (གཅིག)ཁ་ཕྲལ་རིང་ལུགས་འུད་སྒྲོག་དང་ཁ་ཕྲལ་ཕྱོགས་གཏོགས་ལ་རྒྱབ་སྐྱོར་བྱེད་པའམ་ཡང་ན་རྒྱལ་ཁབ་ཀྱི་མི་རིགས་དང་ཆོས་ལུགས་ཀྱི་སྲིད་ཇུས་ལ་འཁྱོག་བཤད་དང་དམའ་འབེབས་བྱེད་པ་སོགས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་བྱེད་སྤྱོད་དང་།

    (གཉིས)ཁ་མཐུན་དཔུང་བསྒྲིལ་གྱིས་རྒྱབ་འདྲེ་རྒྱག་པ་དང་། མི་གཞན་རྗེས་འདེད་གཏོང་བ་དང་ལམ་བར་དུ་བཀག་པ། སྤྱི་དང་སྒེར་གྱི་རྒྱུ་ནོར་བཙན་ལེན་ནམ་གང་བྱུང་དུ་གཏོར་བརླག་གཏོང་བ་དང་བཟུང་སྤྱོད་བྱེད་པ་སོགས་བསྙད་རྐོ་ཟིང་སློང་གི་བྱེད་སྤྱོད།

    (གསུམ)མེ་མདའ་དང་རྫས་མདེལ་ལམ་ཡང་ན་མདའ་གཞུ་དང་གློ་གྲི་སོགས་རྒྱལ་ཁབ་ཀྱི་གཏན་འབེབས་ནང་བཀག་སྡོམ་བྱས་པའི་ལག་ཆ་ཁྲིམས་མཐུན་མིན་པར་ལུས་ཐོག་ཏུ་ཁྱེར་བ།

    (བཞི)མི་གཞན་ལ་ཉེས་རྡུང་དང་། དམའ་འབེབས། འཇིགས་སྐུལ་བྱེད་པའམ་ཡང་ན་རྐང་བཙུགས་ནས་གནོད་འཚེ་གཏོང་རིགས།

    (ལྔ)གཞུང་སྒེར་གཉིས་ཀྱི་རྒྱུ་ནོར་རྐུ་ཁྱེར་དང་། ཧབ་ཐོབ་རྒྱག་པ། འཕྲོག་བཅོམ་བཅས་བྱེད་པའམ་ཡང་ན་རྐང་བཙུགས་ནས་གཏོར་བརླག་གཏོང་རིགས།

    (དྲུག)འདོད་ལོག་ཆགས་སྲེད་ཀྱི་ཀློག་དེབ་དང་། སྒྲ་ཕབ་བརྙན་ཕབ་ཀྱི་རིགས་སམ་ཡང་ན་ཆ་འཕྲིན་སོགས་འགྲེམ་སྤེལ་བྱེད་པ།

    (བདུན)སྨད་འཚོང་དང་འཆལ་པོ་རྒྱུག་པའམ་ཡང་ན་འདོད་ལོག་ཆགས་སྲེད་ཀྱི་འཁྲབ་སྟོན་བྱེད་པ།

    (བརྒྱད)དུག་རྫས་འཐེན་པ་དང་ཟ་བ། དུག་ཁབ་རྒྱག་པའམ་ཡང་ན་མི་གཞན་ལ་དུག་རྫས་མཁོ་འདོན་བྱེད་པ།

    (དགུ)རྒྱན་འཛུགས་ནང་ཞུགས་ཤིང་རྒྱན་དངུལ་ཕོན་ཆེ་བའི་རིགས།

    (བཅུ)སྤྱི་ཚོགས་ལ་གནོད་འཚེ་ཚབས་ཆེན་བཟོ་བའི་བྱེད་སྤྱོད་གཞན་དག་བཅས་སོ།

    དོན་ཚན་ཉེར་གསུམ་པ། རྩ་འཛུགས་དང་མི་སྒེར་སུ་ཞིག་གིས་ནར་མ་སོན་པའི་མིར་ཚབས་ཆེའི་ཚུལ་མིན་བྱེད་སྤྱོད་སྤེལ་བའི་ངན་བསླབ་དང་། འཇིགས་སྐུལ། བསླུ་བྲིད་བཅས་བྱེད་མཁན་ཡོད་པ་ཤེས་རྟོགས་བྱུང་ཚེ། ངེས་པར་དུ་འཕྲལ་མར་སྤྱི་བདེ་ལས་ཁུངས་ལ་སྙན་སེང་ཞུ་དགོས། སྤྱི་བདེ་ལས་ཁུངས་ཀྱིས་སྙན་ཞུ་འབྱོར་བའམ་ཡང་ན་གོང་གསལ་གྱི་གནས་ཚུལ་ཡོད་པ་ཤེས་རྟོགས་བྱུང་ཚེ། ངེས་པར་དུ་འཕྲལ་མར་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱེད་དགོས། མི་ལུས་བདེ་འཇགས་ལ་འཇིགས་སྐུལ་ཐེབས་པའི་ནར་མ་སོན་པའི་མིར་ངེས་པར་དུ་འཕྲལ་མར་སྲུང་སྐྱོབ་བྱ་ཐབས་ནུས་ལྡན་སྤྱོད་དགོས།

    དོན་ཚན་ཉེར་བཞི་པ། ནར་མ་སོན་པའི་མིའི་ཕ་མའམ་ཡང་ན་ལྟ་སྐྱོང་པ་གཞན་དག་གིས་ནར་མ་སོན་པའི་མིས་ཚབས་ཆེའི་ཚུལ་མིན་བྱེད་སྤྱོད་སྤེལ་བ་ཤེས་རྟོགས་བྱུང་ཚེ། ངེས་པར་དུ་འཕྲལ་མར་བཀག་འགོག་བྱས་ནས་ཁྲིམས་འགལ་གྱི་མཇུག་འབྲས་ངན་པ་མེད་པ་བཟོ་བའམ་ཡང་ན་ཆུང་དུ་གཏོང་ཐབས་བྱེད་དགོས་པ་མ་ཟད། བྱ་ཐབས་སྤྱད་དེ་དོ་དམ་སློབ་གཅུན་ནན་པོ་བྱེད་དགོས།

    སློབ་གྲྭ་དང་ཡུལ་མི(གྲོང་མི)ཨུ་ཡོན་ལྷན་ཁང་གིས་ནར་མ་སོན་པའི་མིས་ཚབས་ཆེའི་ཚུལ་མིན་བྱེད་སྤྱོད་སྤེལ་བ་ཤེས་རྟོགས་བྱུང་ཚེ། ངེས་པར་དུ་འཕྲལ་མར་བཀག་འགོག་དང་དོ་དམ་སློབ་གཅུན་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་མ་ཟད། སྤྱི་བདེ་ལས་ཁུངས་ལ་སྙན་སེང་ཞུ་དགོས།

    འབྲེལ་ཡོད་རྩ་འཛུགས་དང་སྤྱི་དམངས་ཀྱིས་ནར་མ་སོན་པའི་མིས་ཚབས་ཆེའི་ཚུལ་མིན་བྱེད་སྤྱོད་སྤེལ་བ་ཤེས་རྟོགས་བྱུང་ཚེ། བཀག་འགོག་བྱེད་དབང་ཡོད་པ་མ་ཟད། སྤྱི་བདེ་ལས་ཁུངས་ལ་ཐེར་འདོན་བྱེད་དགོས།

    དོན་ཚན་ཉེར་ལྔ་པ། སྤྱི་བདེ་ལས་ཁུངས་ལ་ནར་མ་སོན་པའི་མིས་ཚབས་ཆེའི་ཚུལ་མིན་བྱེད་སྤྱོད་སྤེལ་བའི་སྙན་ཞུ་དང་ཐེར་འདོན་འབྱོར་བའམ་ཡང་ན་སྤྱི་བདེ་ལས་ཁུངས་ཀྱིས་ནར་མ་སོན་པའི་མིས་ཚབས་ཆེའི་ཚུལ་མིན་བྱེད་སྤྱོད་སྤེལ་བ་ཤེས་རྟོགས་བྱུང་ཚེ། དུས་ཐོག་ཏུ་བཀག་འགོག་བྱས་ནས་ཁྲིམས་ལྟར་བརྟག་དཔྱད་དང་ཐག་གཅོད་བྱེད་དགོས་པ་མ་ཟད། དེའི་ཕ་མའམ་ཡང་ན་ལྟ་སྐྱོང་པ་གཞན་དག་ལ་ཁྲིམས་འགལ་གྱི་མཇུག་འབྲས་ངན་པ་སེལ་བའམ་ཡང་ན་ཆུང་དུ་གཏོང་ཐབས་བྱེད་དགོས་པའི་འགན་དཀྲི་དགོས་པ་དང་། བྱ་ཐབས་སྤྱད་དེ་དོ་དམ་སློབ་གཅུན་ནན་པོ་བྱེད་དགོས།

    སྤྱི་བདེ་ལས་ཁུངས་ཀྱིས་གནས་ཚུལ་དངོས་ལ་གཞིགས་ནས་ཁྲིམས་ལྟར་གཤམ་གསལ་གྱི་ཡོ་བཅོས་སློབ་གསོའི་བྱེད་ཐབས་སྤྱད་ཆོག་པ་སྟེ།

    (གཅིག)བསླབ་འདོམས་བྱེད་པ་དང་།

    (གཉིས)དགོངས་དག་ཐུགས་བདེན་ཞུ་བ་དང་གྱོང་གུན་གསབ་སྤྲོད་བྱེད་དུ་འཇུག་པ།

    (གསུམ)འགྱོད་བཤགས་ཁས་ལེན་ཞུ་ཡིག་འབྲི་རུ་འཇུག་པ།

    (བཞི)དུས་བཀག་ལྟར་བྱ་སྤྱོད་སྤེལ་ཚུལ་སྙན་སེང་ཞུ་འགན་དཀྲི་བ།

    (ལྔ)དམིགས་འཛུགས་བྱེད་སྤྱོད་ཚད་ལྡན་ཡོང་བར་བརྩི་སྲུང་ཞུས་ནས་དམིགས་བསལ་བྱེད་སྤྱོད་སྤེལ་བ་དང་། དམིགས་འཛུགས་ཀྱི་མི་སྣ་དང་ཐུག་པའམ་ཡང་ན་དམིགས་འཛུགས་ཀྱི་ས་ཡུལ་དུ་འཛུལ་འགྲོ་བ་བཅས་བྱེད་མི་ཆོག་པའི་བཀའ་གཏོང་བ།

    (དྲུག)སེམས་ཁམས་ཀྱི་རོགས་ཁྲིད་དང་བྱེད་སྤྱོད་ཡོ་བཅོས་དང་ལེན་བྱེད་དུ་འཇུག་པ།

    (བདུན)སྤྱི་ཚོགས་ཀྱི་ཞབས་ཞུའི་བྱེད་སྒོར་ཞུགས་སུ་འཇུག་པ།

    (བརྒྱད)སྤྱི་ཚོགས་ཀྱི་ལྟ་སྐྱོང་དང་ལེན་བྱེད་དུ་བཅུག་ནས། སྤྱི་ཚོགས་ཀྱི་རྩ་འཛུགས་དང་འབྲེལ་ཡོད་ལས་ཁུངས་ཀྱིས་ས་ཡུལ་འོས་འཚམ་དུ་ནར་མ་སོན་པའི་མིར་སློབ་གསོ་དང་། ལྟ་སྐུལ། གཅུན་སྡོམ་བཅས་བྱེད་པ།

    (དགུ)འོས་འཚམ་གྱི་ཡོ་བཅོས་སློབ་གསོའི་བྱེད་ཐབས་གཞན་དག་བཅས་སོ།

    ནར་མ་སོན་པའི་མིའི་ཕ་མའམ་ཡང་ན་ལྟ་སྐྱོང་པ་གཞན་དག་གིས་ངེས་པར་དུ་ཡོ་བཅོས་བྱེད་པའི་སློབ་གསོའི་བྱེད་ཐབས་ལག་ལེན་བསྟར་རྒྱུར་གཞོགས་འདེགས་བྱེད་དགོས་པ་ལས། བཀག་འགོག་བྱེད་པའམ་ཡང་ན་སྣང་མེད་རྒྱ་ཡན་དུ་གཏོང་མི་ཆོག

    དོན་ཚན་ཉེར་དྲུག་པ། ཚབས་ཆེའི་ཚུལ་མིན་བྱེད་སྤྱོད་ཡོད་མཁན་ནར་མ་སོན་པའི་མིར་དེའི་ཕ་མའམ་ཡང་ན་ལྟ་སྐྱོང་པ་གཞན་དག་དང་། དེ་གནས་སའི་སློབ་གྲྭ་བཅས་ཀྱིས་དོ་དམ་སློབ་གཅུན་བྱེད་པའི་ནུས་པ་མེད་པའམ་ཡང་ན་དོ་དམ་སློབ་གཅུན་བྱས་ཀྱང་ཕན་འབྲས་མ་ཐོན་ན། སློབ་གསོ་སྲིད་འཛིན་སྡེ་ཚན་ལ་རེ་འདུན་ཞུས་ཆོག་པ་དང་། སློབ་གསོ་སྲིད་འཛིན་སྡེ་ཚན་གྱིས་ཆེད་དམིགས་སློབ་གསོའི་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་ལ་ཚོད་སྐོར་བྱ་རྒྱུར་ཕུལ་ནས་མོས་མཐུན་བྱུང་རྗེས། སློབ་གསོ་སྲིད་འཛིན་སྡེ་ཚན་གྱིས་ཆེད་དམིགས་སློབ་གྲྭར་བསྐྱལ་ཐོག་ཆེད་དམིགས་སློབ་གསོ་དང་ལེན་བྱེད་དུ་འཇུག་རྒྱུའི་ཐག་གཅོད་རྒྱུ།

    ནར་མ་སོན་པའི་མིར་བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་སྤྱི་ཚོགས་ལ་གནོད་འཚེ་ཚབས་ཆེན་བཟོ་བ་སོགས་ཀྱི་བྱེད་སྤྱོད་ཡོད་རིགས། ཆེད་དམིགས་སློབ་གསོའི་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གིས་ཚོད་སྐོར་བྱས་ནས་མོས་མཐུན་བྱུང་རྗེས། སློབ་གསོ་སྲིད་འཛིན་སྡེ་ཚན་གྱིས་སྤྱི་བདེ་ལས་ཁུངས་དང་མཉམ་དུ་དེ་ཉིད་ཆེད་དམིགས་སློབ་གྲྭར་བསྐྱལ་ནས་ཆེད་དམིགས་སློབ་གསོ་དང་ལེན་བྱེད་དུ་འཇུག་རྒྱུ་དང་། དེའི་ཕ་མའམ་ཡང་ན་ལྟ་སྐྱོང་པ་གཞན་དག་གིས་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་དགོས་པ་ལས་འགོག་རྐྱེན་བཟོ་མི་ཆོག

    ནར་མ་སོན་པའི་མིས་ཉེས་ཁྲིམས་ནང་འཁོད་བྱེད་སྤྱོད་སྤེལ་ཡང་ཁྲིམས་བཀོད་ཉེས་དོན་འགན་འཁྲི་འཁུར་བའི་ལོ་ཚད་ལ་མ་སླེབས་པའི་རྐྱེན་གྱིས་ཉེས་དོན་ཆད་གཅོད་མི་བྱ་རྒྱུའི་རིགས་ལ། ཆེད་དམིགས་སློབ་གསོའི་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གིས་ཚོད་སྐོར་བྱས་ནས་མོས་མཐུན་བྱུང་རྗེས། སློབ་གསོ་སྲིད་འཛིན་སྡེ་ཚན་གྱིས་སྤྱི་བདེ་ལས་ཁུངས་དང་མཉམ་དུ་དེར་ཆེད་དམིགས་ཡོ་བཅོས་ཀྱི་སློབ་གསོ་གཏོང་རྒྱུའི་ཐག་བཅད་ཆོག

    དོན་ཚན་ཉེར་བདུན་པ། ཆེད་དམིགས་སློབ་གྲྭར་སློབ་གསོའི་སྲིད་འཛིན་སྡེ་ཚན་གྱིས་དོ་དམ་བྱས་ཏེ་བསྡུ་བྱའི་སློབ་མ་དང་། སློབ་ཞུགས་གོ་རིམ། སློབ་ཐེམ་དོ་དམ། སློབ་ཚན་མ་ལག གཞན་སྒྱུར་གོ་རིམ་སོགས་ལ་བབ་མཚུངས་ཀྱི་གཏན་འབེབས་བྱ་རྒྱུ།

    སྤྱི་བདེ་ལས་ཁུངས་དང་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་གྱིས་ཆེད་དམིགས་སློབ་གྲྭའི་ནར་མ་སོན་པའི་མི་ལ་ཡོ་བཅོས་བྱེད་འགན་འཁུར་རྒྱུ་དང་། སློབ་གསོ་སྲིད་འཛིན་སྡེ་ཚན་གྱིས་ནར་མ་སོན་པའི་མིར་སློབ་གསོའི་ལས་ཀ་སྒྲུབ་འགན་འཁུར་རྒྱུ།

    ལེའུ་ལྔ་པ། བསྐྱར་དུ་ཉེས་པ་གསོག་པར་སྔོན་འགོག་བྱེད་ཕྱོགས་སྐོར།

    དོན་ཚན་ཉེར་བརྒྱད་པ། སྤྱི་བདེ་ལས་ཁུངས་དང་། མི་དམངས་ཞིབ་དཔྱོད་ཁང་། མི་དམངས་ཁྲིམས་ཁང་བཅས་ཀྱིས་ནར་མ་སོན་པའི་མིའི་ཉེས་དོན་གྱོད་གཞི་སྒྲུབ་གཉེར་བྱེད་སྐབས། ངེས་པར་དུ་ནར་མ་སོན་པའི་མིའི་ལུས་སེམས་ཀྱི་ཁྱད་ཆོས་ལ་གཞིགས་པ་དང་། དེའི་རྒྱུན་གཏན་གྱི་བྱེད་སྟངས་དང་། ཁྱིམ་ཚང་གི་གནས་ཚུལ། ཉེས་གསོག་གི་རྒྱུ་རྐྱེན། འགྱོད་བཤགས་ཀྱི་རྣམ་འགྱུར་སོགས་དང་ཟུང་འབྲེལ་བྱས་ནས་ཁྲིམས་སྐྱོང་སློབ་གསོ་སྤེལ་ཏེ་ནར་མ་སོན་པའི་མིས་བསྐྱར་དུ་ཉེས་པ་གསོག་རིགས་སྔོན་འགོག་བྱེད་དགོས།

    དོན་ཚན་ཉེར་དགུ་པ། སྤྱི་བདེ་ལས་ཁུངས་དང་། མི་དམངས་ཞིབ་དཔྱོད་ཁང་། མི་དམངས་ཁྲིམས་ཁང་བཅས་ཀྱིས་ནར་མ་སོན་པའི་མིའི་ཉེས་དོན་གྱོད་གཞི་སྒྲུབ་གཉེར་བྱེད་སྐབས། རང་ཉིད་དམ་ཡང་ན་འབྲེལ་ཡོད་སྤྱི་ཚོགས་རྩ་འཛུགས་དང་སྒྲིག་གཞིར་མངག་བཅོལ་བྱས་ནས། ནར་མ་སོན་པའི་ཉེས་གསོག་དོགས་ཅན་ནམ་ཡང་ན་ཞུ་སྦྱོར་ཕྱི་མའི་འཚར་ལོངས་ཀྱི་བརྒྱུད་རིམ་དང་། ཉེས་གསོག་རྒྱུ་རྐྱེན། ལྟ་སྐྱོང་། སློབ་གསོ་སོགས་ཀྱི་གནས་ཚུལ་ལ་སྤྱི་ཚོགས་ཐོག་བརྟག་དཔྱད་བྱས་ན་ཆོག་པ་དང་། དགོས་མཁོ་དངོས་ལ་གཞིགས་པ་མ་ཟད་ནར་མ་སོན་པའི་ཉེས་གསོག་དོགས་ཅན་དང་། ཞུ་སྦྱོར་ཕྱི་མ། དེའི་ཁྲིམས་བཀོད་ངོ་ཚབ་བཅས་ཀྱི་མོས་མཐུན་ཐོབ་པ་བརྒྱུད། ནར་མ་སོན་པའི་ཉེས་གསོག་དོགས་ཅན་དང་ཞུ་སྦྱོར་ཕྱི་མར་སེམས་ཁམས་ཀྱི་ཚད་ལེན་དཔྱད་བསྡུར་གཏན་འཁེལ་བྱས་ན་ཆོག སྤྱི་ཚོགས་ཀྱི་བརྟག་དཔྱད་དང་སེམས་ཁམས་ཀྱི་ཚད་ལེན་དཔྱད་བསྡུར་བྱས་པའི་སྙན་ཞུ་དེ་གྱོད་གཞི་སྒྲུབ་གཉེར་དང་ནར་མ་སོན་པའི་མིར་སློབ་གསོ་གཏོང་བའི་དཔྱད་གཞིར་བཟུང་ན་ཆོག

    དོན་ཚན་སུམ་ཅུ་པ། མི་དམངས་ཞིབ་དཔྱོད་ཁང་གིས་ནར་མ་སོན་པའི་ཉེས་གསོག་དོགས་ཅན་ལ་ཆ་རྐྱེན་ཟུར་སྣོན་བྱས་ནས་ཁྲིམས་སྦྱོར་མི་བྱེད་པ་དང་ཁྲིམས་སྦྱོར་མི་བྱ་རྒྱུའི་གྲོས་ཐག་བཅད་ཚེ། ངེས་པར་དུ་ཆ་རྐྱེན་ཟུར་སྣོན་བྱས་ཏེ་ཁྲིམས་སྦྱོར་མི་བྱེད་པ་དང་ཁྲིམས་སྦྱོར་མི་བྱ་རྒྱུའི་ནར་མ་སོན་པའི་མིར་དགོས་ངེས་ཀྱི་སློབ་གསོ་རྒྱག་དགོས།

    མི་དམངས་ཁྲིམས་ཁང་གིས་ནར་མ་སོན་པའི་མིའི་ཉེས་གསོག་གྱོད་གཞི་སྒྲུབ་གཉེར་བྱས་ནས་ནར་མ་སོན་པའི་ཞུ་སྦྱོར་ཕྱི་མར་ཉེས་པ་ཡོད་པའི་ཁྲིམས་ཐག་བཅད་དེ་བཅད་ཁྲ་ཁྱབ་བསྒྲགས་བྱས་རྗེས། མཉམ་གྲོས་ཁྲིམས་སའི་ཁོངས་མི་དང་ཁྲིམས་སར་སླེབས་པའི་ཞིབ་དཔྱོད་མི་སྣ། དེ་བཞིན་ནར་མ་སོན་པའི་མིའི་བློ་འགུག་པ་དང་དེ་སྐྱོབ་རྒྱུར་ཕན་པའི་གཏུག་བཤེར་ནང་ཞུགས་མཁན་བཅས་ཀྱིས་ངེས་པར་དུ་ནར་མ་སོན་པའི་ཞུ་སྦྱོར་ཕྱི་མར་མཉམ་དུ་སློབ་གསོ་རྒྱག་དགོས།

    དོན་ཚན་སོ་གཅིག་པ། བཀག་བསྐྱིལ་དང་། འཛིན་བཟུང་། ཁྲིམས་ཆད་བཏང་བ་བཅས་ཀྱི་ནར་མ་སོན་པའི་མི་ངེས་པར་དུ་དར་མའི་རིགས་དང་ལོགས་སུ་དབྱེ་ནས་བཙོན་འཇུག་དང་། དོ་དམ། སློབ་གསོ་རྒྱག་པ་བཅས་བྱེད་དགོས་པ་དང་། གོང་གསལ་གྱི་གནས་ཚུལ་ཡོད་པའི་ཐོག་འགན་བབས་སློབ་གསོ་ལེགས་འགྲུབ་བྱུང་མེད་པའི་ནར་མ་སོན་པའི་མིར། སྤྱི་བདེ་ལས་ཁུངས་དང་། མི་དམངས་ཞིབ་དཔྱོད་ཁང་། མི་དམངས་ཁྲིམས་ཁང་། ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་བཅས་ཀྱིས་ངེས་པར་དུ་སློབ་གསོ་སྲིད་འཛིན་སྡེ་ཚན་དང་ཕན་ཚུན་གཞོགས་འདེགས་བྱས་ནས་དེར་མུ་མཐུད་འགན་བབས་སློབ་གསོ་དང་ལེན་ཐུབ་པའི་འགན་ལེན་བྱེད་དགོས། ནར་མ་སོན་པའི་མིར་བཙོན་འཇུག་གི་ཁྲིམས་ཆད་ལག་བསྟར་བྱེད་རིང་། ལག་བསྟར་ལས་ཁུངས་ཀྱིས་ནར་མ་སོན་པའི་མིར་ཁྲིམས་སྐྱོང་སློབ་གསོ་དང་། རིག་གནས་སློབ་གསོ་རྒྱག་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། གནས་ཚུལ་དངོས་ལ་གཞིགས་ནས་ལས་རིགས་སློབ་གསོ་སྤེལ་དགོས།

    དོན་ཚན་སོ་གཉིས་པ། བཙོན་སྲུང་ལྟ་འདོམས་བྱ་ཡུལ་དུ་ཁྲིམས་ཆད་འཁུར་བཞིན་པའི་ནར་མ་སོན་པའི་མིར་དེའི་ཕ་མའམ་ཡང་ན་ལྟ་སྐྱོང་པ་གཞན་དག་གིས་ངེས་པར་དུ་དུས་བཀག་ལྟར་ཐུག་འཕྲད་བྱེད་དགོས་པ་མ་ཟད། ལག་བསྟར་ལས་ཁུངས་ལ་གཞོགས་འདེགས་བྱས་ནས་དེར་སློབ་གསོ་བཏང་སྟེ་ཡོ་བཅོས་བྱེད་དུ་འཇུག་དགོས། ཕ་མའམ་ལྟ་སྐྱོང་པ་གཞན་དག་གིས་ཐུག་འཕྲད་མི་བྱེད་པའམ་ཡང་ན་སློབ་གསོ་བརྒྱབ་ནས་ཡོ་བཅོས་བྱ་རྒྱུར་གཞོགས་འདེགས་མི་བྱེད་པའི་རིགས་ལ། དེ་གནས་ཡུལ་ཚན་པ་དང་། ཤང་གྲོང་རྡལ་མི་དམངས་སྲིད་གཞུང(ཁྲོམ་གཞུང་དོན་གཅོད་ཁང) ཡུལ་མི(གྲོང་མི)ཨུ་ཡོན་ལྷན་ཁང་བཅས་ཀྱིས་ངེས་པར་དུ་སྐྱོན་བརྗོད་དང་སློབ་གསོ་བརྒྱབ་ནས་ཡོ་བསྲང་བྱེད་དུ་འཇུག་དགོས། ལག་བསྟར་ལས་ཁུངས་ཀྱིས་ངེས་པར་དུ་ནར་མ་སོན་པའི་མིའི་ཕ་མའམ་ཡང་ན་ལྟ་སྐྱོང་པ་གཞན་དག་ལ་ཐུག་འཕྲད་བྱེད་བདེའི་མཐུན་རྐྱེན་བསྐྲུན་དགོས།

    དོན་ཚན་སོ་གསུམ་པ། དོ་དམ་ཉེས་ཆད་བཅད་པ་དང་། ཁྲིམས་ཆད་ཕྱིར་འགྱངས་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ། ཚོད་བགམ་གློད་འགྲོལ་བཏང་བ། གནས་སྐབས་སུ་བཙོན་ཁང་ཕྱི་ལ་ཁྲིམས་ཆད་འཁུར་དུ་བཅུག་པ་བཅས་ཀྱི་ནར་མ་སོན་པའི་ཉེས་ཅན་པར་ཁྲིམས་ལྟར་སྡེ་ཁུལ་ནས་ཡོ་བཅོས་བྱེད་དགོས། སྡེ་ཁུལ་ཡོ་བཅོས་བྱེད་མཁན་ལས་ཚན་གྱིས་ངེས་པར་དུ་སྡེ་ཁུལ་གྱི་ཡོ་བཅོས་དང་ལེན་བྱེད་པའི་ནར་མ་སོན་པའི་མིར་ངེས་པར་དུ་གཤམ་གསལ་གྱི་འགན་འཁྲི་སྒྲུབ་དགོས་པ་སྟེ།

    (གཅིག)ནར་མ་སོན་པའི་མིའི་ལོ་ན་དང་སེམས་ཁམས་ཀྱི་ཁྱད་ཆོས། འཚར་ལོངས་བྱུང་རིམ། ཉེས་གསོག་གི་རྒྱུ་རྐྱེན། ཁྱིམ་ཚང་གི་ལྟ་སྐྱོང་སློབ་གསོའི་ཆ་རྐྱེན་སོགས་ཀྱི་གནས་ཚུལ་ལ་དམིགས་ནས་དེར་ལུས་སེམས་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་ཕན་པའི་ལྟ་འདོམས་བྱེད་ཐབས་སྤྱད་དེ་བསམ་བློ་དང་། ཁྲིམས་སྐྱོང་། ཀུན་སྤྱོད་བཅས་ཀྱི་ཐད་སློབ་གསོ་རྒྱག་པ་དང་སེམས་ཁམས་ཐད་རོགས་ཁྲིད་བྱེད་དགོས་པ་དང་།

    (གཉིས)སློབ་གསོ་སྲིད་འཛིན་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སོགས་འབྲེལ་ཡོད་སྡེ་ཚན་ལ་མཐུན་སྦྱོར་བྱས་ཏེ་ནར་མ་སོན་པའི་མིར་སློབ་ཞུགས་དང་ལས་ཞུགས་ལས་གཏོད་སོགས་ཀྱི་ཐད་རོགས་ཁྲིད་བྱེད་དགོས་པ།

    (གསུམ)ནར་མ་སོན་པའི་མིའི་ཕ་མའམ་ཡང་ན་ལྟ་སྐྱོང་པ་གཞན་དག་གིས་ལྟ་སྐྱོང་བྱེད་འགན་འཁུར་བ་དང་། གསོ་སྐྱོང་དང་དོ་དམ་སློབ་གཅུན་སོགས་ཀྱི་འོས་འགན་བསྒྲུབ་རྒྱུར་ལྟ་སྐུལ་དང་རོགས་རམ་བྱེད་དགོས་པ།

    (བཞི)ནར་མ་སོན་པའི་མི་སྤྱི་ཚོགས་ནང་མཉམ་འདྲེས་བྱེད་པར་ཕན་པའི་དགོས་ངེས་ཀྱི་བྱེད་ཐབས་གཞན་དག་དགོས་པ་བཅས་སོ།

    སྡེ་ཁུལ་གྱི་ཡོ་བཅོས་དང་ལེན་བྱེད་པའི་ནར་མ་སོན་པའི་མིའི་ཕ་མའམ་ཡང་ན་ལྟ་སྐྱོང་པ་གཞན་དག་དང་། སློབ་གྲྭ། ཡུལ་མི(གྲོང་མི)ཨུ་ཡོན་ལྷན་ཁང་སོགས་ཀྱིས་ངེས་པར་དུ་སྡེ་ཁུལ་གྱི་ཡོ་བཅོས་ལས་ཀ་གང་ལེགས་སྒྲུབ་རོགས་བྱེད་དགོས།

    ནར་མ་སོན་པའི་མི་སྡེ་ཁུལ་དུ་ཡོ་བཅོས་བྱེད་སྐབས། ངེས་པར་དུ་དར་མ་དང་ལོགས་སུ་དབྱེ་ནས་ཡོ་བཅོས་དང་རིགས་དབྱེ་དོ་དམ་བྱེད་དགོས་པ་དང་། དེའི་ལུས་སེམས་འཚར་ལོངས་ཡོང་བ་དང་འཚམ་པའི་ཡོ་བཅོས་བྱ་ཐབས་སྤྱོད་དགོས།

    དོན་ཚན་སོ་བཞི་པ། ནར་མ་སོན་པའི་མིའི་ཕ་མའམ་ཡང་ན་ལྟ་སྐྱོང་པ་གཞན་དག་དང་། སློབ་གྲྭ། ཡུལ་མི(གྲོང་མི)ཨུ་ཡོན་ལྷན་ཁང་བཅས་ཀྱིས་སྡེ་ཁུལ་དུ་ཡོ་བཅོས་དང་ལེན་བྱེད་བཞིན་པ་དང་། ཁྲིམས་ཆད་དུས་ཚད་འཐིམས་ནས་གློད་འགྲོལ་བཏང་བ། ཡོ་བཅོས་ལས་བསྒྲོལ་བ་བཅས་ཡིན་པའི་ནར་མ་སོན་པའི་མིར་ངེས་པར་དུ་ནུས་ལྡན་གྱི་རོགས་སྐྱོར་སློབ་གསོའི་བྱ་ཐབས་སྤྱོད་དགོས་པ་དང་། ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་བྱས་ནས་བཀོད་སྒྲིག་དང་རོགས་སྐྱོར་སློབ་གསོའི་ལས་དོན་ཡག་པོ་སྒྲུབ་དགོས།

    དོན་ཚན་སོ་ལྔ་པ། ཆེད་དམིགས་སློབ་གསོ་དང་། ཆེད་དམིགས་ཡོ་བཅོས་སློབ་གསོ། སྡེ་ཁུལ་དུ་ཡོ་བཅོས། སྤྱི་ཚོགས་ཀྱིས་ལྟ་སྐྱོང་བཅས་དང་ལེན་བྱེད་པ་དང་ཁྲིམས་ཆད་དུས་ཚད་འཐིམས་ནས་གློད་འགྲོལ་བཏང་བའི་ནར་མ་སོན་པའི་མི་དེ་སློབ་གྲྭར་བསྐྱར་ཞུགས་དང་། སློབ་རིམ་འཕར་བ། ལས་ཀར་ཞུགས་པ་སོགས་ཀྱི་ཐད་ཁྲིམས་ལྟར་ནར་སོན་པའི་མི་གཞན་དག་དང་འདྲ་མཚུངས་ཀྱི་ཁེ་དབང་ལོངས་སུ་སྤྱོད་རྒྱུ་ཡོད་པས། ཚན་པ་དང་མི་སྒེར་སུ་ཞིག་གིས་ཀྱང་དེར་མཐོང་ཆུང་བྱེད་མི་ཆོག

    དོན་ཚན་སོ་དྲུག་པ། སྤྱི་བདེ་ལས་ཁུངས་དང་། མི་དམངས་ཞིབ་དཔྱོད་ཁང་། མི་དམངས་ཁྲིམས་ཁང་། ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་བཅས་ཀྱིས་ངེས་པར་དུ་ཁྲིམས་འཛིན་ལས་ཁུངས་ཀྱི་གྱོད་གཞི་སྒྲུབ་གཉེར་བྱེད་པར་མཁོ་བའམ་ཡང་ན་འབྲེལ་ཡོད་སྡེ་ཚན་གྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་འདྲི་རྩད་བྱེད་དགོས་ཡོད་པ་ཕུད། ནར་མ་སོན་པའི་མིས་ཆེད་དམིགས་སློབ་གསོ་དང་ཆེད་དམིགས་ཡོ་བཅོས་སློབ་གསོ་དང་ལེན་མི་བྱེད་པ་དང་། སྲིད་འཛིན་ཆད་གཅོད། ཉེས་དོན་བཙན་སྤྱོད། ཁྲིམས་སྦྱོར་མི་བྱེད་པ་བཅས་ཀྱི་ཟིན་ཐོ་དང་། དེ་བཞིན་ཉེས་གསོག་གི་ཟིན་ཐོ་བཅས་ངེས་པར་དུ་བྱ་ཐབས་ནུས་ལྡན་སྤྱད་དེ་ཁྲིམས་ལྟར་ཉར་ཚགས་བྱེད་དགོས། ཁྲིམས་ལྟར་འདྲི་རྩད་བྱེད་མཁན་ཚན་པ་དང་མི་སྒེར་སུ་ཞིག་གིས་ཀྱང་ངེས་པར་དུ་འབྲེལ་ཡོད་ཟིན་ཐོའི་ཆ་འཕྲིན་གྱི་གསང་བ་སྲུང་དགོས།

    ལེའུ་དྲུག་པ། བཅའ་ཁྲིམས་ཀྱི་འགན་འཁྲིའི་སྐོར།

    དོན་ཚན་སོ་བདུན་པ། ཚུལ་མིན་གྱི་བྱེད་སྤྱོད་སྤེལ་མཁན་ནར་མ་སོན་པའི་མིའི་ཕ་མའམ་ཡང་ན་ལྟ་སྐྱོང་པ་གཞན་དག་གིས་ལྟ་སྐྱོང་བྱེད་ནུས་ཡོད་ཀྱང་ལྟ་སྐྱོང་བྱེད་འགན་མ་འཁུར་ན། སྤྱི་བདེ་ལས་ཁུངས་དང་། སློབ་གྲྭ། ཡུལ་མི(གྲོང་མི)ཨུ་ཡོན་ལྷན་ཁང་བཅས་ཀྱིས་ངེས་པར་དུ་ཁྲིམས་ལྟར་དེས་ལྟ་སྐྱོང་གི་འགན་འཁྲི་བསྒྲུབ་རྒྱུར་ལྟ་སྐུལ་བྱེད་དགོས།

    སྤྱི་བདེ་ལས་ཁུངས་དང་། མི་དམངས་ཞིབ་དཔྱོད་ཁང་། མི་དམངས་ཁྲིམས་ཁང་བཅས་ཀྱིས་གྱོད་གཞི་སྒྲུབ་གཉེར་བྱེད་པའི་བརྒྱུད་རིམ་ནང་། ཚབས་ཆེའི་ཚུལ་མིན་བྱེད་སྤྱོད་སྤེལ་མཁན་ནར་མ་སོན་པའི་མིའི་ཕ་མའམ་ཡང་ན་ལྟ་སྐྱོང་པ་གཞན་དག་གིས་ཁྲིམས་ལྟར་ལྟ་སྐྱོང་གི་འགན་འཁྲི་མ་བསྒྲུབས་པ་ཤེས་རྟོགས་བྱུང་ཚེ། ངེས་པར་དུ་བསླབ་འདོམས་བྱེད་དགོས་པ་མ་ཟད། དེར་ཁྱིམ་ཚང་གི་སློབ་གསོའི་ཁྲིད་སྟོན་དང་ལེན་བྱེད་དུ་བཅུག་ཆོག

    དོན་ཚན་སོ་བརྒྱད་པ། འབྲེལ་ཡོད་རྒྱལ་ཁབ་ལས་ཁུངས་ཀྱིས་ཁྲིམས་ལྟར་ནར་མ་སོན་པའི་མིའི་ཉེས་གསོག་རིགས་སྔོན་འགོག་བྱེད་པའི་འགན་འཁྲི་མ་བསྒྲུབས་པར་འགན་དབང་གང་བྱུང་དུ་སྤྱོད་པ་དང་། རང་འགན་སྣང་མེད་དུ་འཇོག་པ། ཉེར་ཕྱོགས་གཡོ་ཟོལ་བྱེད་པ་བཅས་བྱས་ཚེ། ཐད་ཀའི་གཙོ་འགན་འཁུར་མཁན་མི་སྣ་དང་ཐད་ཀའི་འགན་ཡོད་མཁན་གཞན་དག་ལ་ཁྲིམས་ལྟར་ཆད་པ་གཅོད་རྒྱུ།

    དོན་ཚན་སོ་དགུ་པ། བྱ་ཐབས་འདིའི་གཏན་འབེབས་ལས་འགལ་བའི་བྱེད་སྤྱོད་རིགས་ལ། བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་ཆད་གཅོད་ཀྱི་གཏན་འབེབས་ཡོད་ཚེ་གཏན་འབེབས་དེ་བཞིན་ལག་བསྟར་བྱ་རྒྱུ།

    ལེའུ་བདུན་པ། ཞར་བྱུང་།

    དོན་ཚན་བཞི་བཅུ་པ། བྱ་ཐབས་འདི་2026ལོའི་ཟླ་དང་པོའི་ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།

    (བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།