དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • “ཨ་ཧྥེ་རི་ཁའི་ལྕགས་ལམ་ཤེས་ལྡན་པ་མཚོ་བོད་ས་མཐོར་སྐྱོད་པའི”བྱེད་སྒོ་ལྷ་སར་སྤེལ་བ།

    ཀརྨ་ཚེ་བརྟན་དང་དབྱང་དབན་མིང་ཞུགས་ནས་ཤིས་ཚིག་བསྒྲོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-26

    ཚེས་23ཉིན། “ཨ་ཧྥེ་རི་ཁའི་ལྕགས་ལམ་ཤེས་ལྡན་པ་མཚོ་བོད་ས་མཐོར་སྐྱོད་པའི”བྱེད་སྒོ་ལྷ་སར་སྤེལ་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་དང་། ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་ཀྱི་ཚོགས་གཙོ་དབྱང་དབན་མིང་ཞུགས་ནས་ཤིས་ཚིག་བསྒྲོན་པ་རེད།

    ཀརྨ་ཚེ་བརྟན་གྱིས་སྐུ་མགྲོན་ཚོ་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་དང་སྦྲགས། དུས་ཡུན་རིང་པོའི་ནང་བོད་ཀྱི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་ཀྲུང་ཕྱིའི་གྲོགས་པོར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས། 2026ལོ་ནི་ཀྲུང་ཧྥེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བའི་ལོ་ཞིག་དང་ཐན་ཙན་ནི་ཡར་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་ངོ་50འཁོར་བའི་ལོ་ཞིག་ཡིན་ལ།བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་75འཁོར་བ་དང་མཚོ་བོད་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་ནས་ལོ་ངོ་20འཁོར་བའི་ལོ་ཞིག་ཀྱང་རེད། ཚང་མས་བདེ་སྐྱིད་མཁའ་ལམ་དང་། མཐུན་སྒྲིལ་མཁའ་ལམ། བློ་རིག་མཁའ་ལམ། ལྗང་མདོག་མཁའ་ལམ། སྙིང་སྟོབས་མཁའ་ལམ། འབྱུང་འགྱུར་མཁའ་ལམ་བཅས་ཉམས་ལེན་བྱེད་རིང་། འཛམ་གླིང་གི་ལྕགས་ལམ་འཛུགས་སྐྲུན་གྱི་ངོ་མཚར་གྱི་དཔང་པོ་བྱེད་པ་དང་། མཚོ་བོད་ས་མཐོའི་བརྗིད་ཆགས་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ལ་མྱོང་རོལ་བྱེད་པ། མཚོ་བོད་ལྕགས་ལམ་ལས་བྱུང་བའི་ལོ་རྒྱུས་ཀྱི་འགྱུར་ལྡོག་ཆེན་པོ་ཉམས་སུ་མྱོང་བ། ཀྲུང་ཧྥེའི་སྲོལ་རྒྱུན་གྱི་མཛའ་གྲོགས་ཟབ་ཏུ་གཏོང་བ་བཅས་བྱེད་པའི་རེ་བ་ཡོད། བོད་ཀྱི་རྒྱལ་སྤྱིའི་རིག་གནས་སྤེལ་རེས་དང་ཕྱི་ཕྱོགས་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེ་ལ་མདུན་ལམ་ཡངས་པོ་ཡོད། ང་ཚོས་ད་རེས་ཀྱི་བྱེད་སྒོ་གོ་སྐབས་སུ་བྱས་ནས་མི་ཆོས་རིག་གནས་སྤེལ་རེས་ཀྱི་སྦྲེལ་ཟམ་གསར་པ་ཞིག་སྐྲུན་པ་དང་། དངོས་སྒྲུབ་མཉམ་ལས་ཀྱི་བགྲོད་ལམ་གསར་པ་འདིང་བ། དམངས་སེམས་སྦྲེལ་མཐུད་ཀྱི་སྦྲེལ་ཐག་གསར་པ་གཏོད་པ་བཅས་བྱས་ནས། ཀྲུང་གོའི་བོད་ལྗོངས་དང་ཨ་ཧྥེ་རི་ཁའི་དབར་གྱི་བར་ཐག་ཉེ་རུ་གཏོང་བ་དང་ཀྲུང་ཧྥེའི་མི་དམངས་དབར་ལག་གདང་དེ་བས་དམ་པོར་སྦྲེལ་བ་དང་དེ་བས་ཉེ་བཅར་ཐུབ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་གསུངས་པ་རེད།

    དབྱང་དབན་མིང་གིས་ཤིས་ཚིག་སྒྲོན་སྐབས། ད་ལོ་ནི་མཚོ་བོད་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་ནས་ལོ་ངོ་20འཁོར་བ་དང་ཏག་ཏག་འཁེལ་བས། ཀྲུང་ཧྥེའི་མི་ཆོས་རིག་གནས་སྤེལ་རེས་ལོའི་སྤུས་རྟགས་བྱེད་སྒོ་ཡིན་པའི་ངོས་ནས། “ཨ་ཧྥེ་རི་ཁའི་ལྕགས་ལམ་ཤེས་ལྡན་པ་མཚོ་བོད་ས་མཐོར་སྐྱོད་པའི”བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི་ལྕགས་ལམ་མཚམས་སྦྱོར་དུ་བྱེད་པ་དང་ཤེས་ལྡན་པ་སྦྲེལ་ཟམ་དུ་བྱས་ཏེ་ཀྲུང་གོ་དང་ཨ་ཧྥེ་རི་ཁས་ལྕགས་ལམ་འཛུགས་སྐྲུན་དང་། གཉེར་སྐྱོང་དོ་དམ། ལག་རྩལ་རྒྱུན་འཛིན། ཚད་ལྡན་སྦྲེལ་མཐུད་སོགས་ཁྱབ་ཁོངས་སུ་གླེང་མོལ་གཏིང་ཟབ་བྱེད་པ་དང་དངོས་སྒྲུབ་མཉམ་ལས་བྱེད་པར་སྐུལ་འདེད་གཏོང་ཆེད་རེད། ཕྱོགས་གཉིས་ཀྱིས་ལྕགས་ལམ་མཉམ་ལས་སྣེ་ཁྲིད་དུ་བྱས་ནས་རྨང་གཞིའི་སྒྲིག་བཀོད་ཕན་ཚུན་སྦྲེལ་མཐུད་བྱེད་པ་དེ་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་བ་དང་། ཤེས་ལྡན་པའི་གསོ་སྐྱོང་དམ་འཛིན་བྱ་གཞིར་བྱས་ནས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་གཏོང་ནུས་ལ་མཐོར་འདེགས་གསར་པ་ཡོང་བར་སྐུལ་འདེད་གཏོང་བ། མི་ཆོས་རིག་གནས་སྤེལ་རེས་སྦྲེལ་ཐག་ཏུ་བྱས་ནས་ཀྲུང་ཧྥེའི་སྲོལ་རྒྱུན་མཛའ་གྲོགས་མཐོ་ཚད་གསར་པར་སླེབས་པར་སྐུལ་འདེད་གཏོང་བ་བཅས་བྱེད་པའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཕྱི་འབྲེལ་པུའུ་དང་། མཚོ་སྔོན་ཞིང་ཆེན། རྒྱལ་ཁབ་ལྕགས་ལམ་ཁོངས་གཏོགས་སོགས་ཀྱི་འཐུས་མི་བྱེད་སྒོར་ཞུགས་ཡོད་པ་རེད། མི་དམངས་ཉིན་རེའི་ཚགས་པར་ཁང་དང་། ཤིན་ཧྭ་གསར་འགྱུར་ཁང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་སོགས་ཀྲུང་དབྱང་སྨྱན་སྦྱོར་དང་དེ་བཞིན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་21གི་སྨྱན་སྦྱོར་གྱི་གསར་འགོད་པ་བྱེད་སྒོ་ཧྲིལ་པོར་ཞུགས་ནས་ཚོགས་པ་དང་མཉམ་དུ་གནས་ཚུལ་གཏོང་སྤེལ་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།