དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ལིའུ་ཅང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སློབ་གསོའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-26

    ཚེས་24ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སློབ་གསོའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ལིའུ་ཅང་གིས་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་ལོ་སྟོད་ཀྱི་སློབ་གསོའི་ལས་དོན་བསྒྲུབས་ཚུལ་གྱི་སྙན་སེང་གསན་པ་དང་། འབྲེལ་ཡོད་དོན་ཚན་ལ་ཞིབ་འཇུག་གནང་བ་མ་ཟད། གོམ་སྟབས་རྗེས་མའི་ལས་དོན་ལའང་བཀོད་སྒྲིག་གནང་བ་རེད།

    ལའེ་ཅའོ་དང་། ཞུས་ཀྲི་ཝུན། སུན་ཞན་ཀྲུང་བཅས་ཕེབས་པ་རེད།

    ལིའུ་ཅང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱིས་ཏང་གིས་སློབ་གསོའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། “བློ་སྦྱོང་དང་། སྤུས་འདེགས། རྨང་བརྟན། དགེ་རྒན་སྟོབས་ཆེར་གཏོང་བ། སློབ་མ་གསོ་སྐྱོང”བཅས་ཀྱི་འདུ་འགོད་ཆེན་པོ་ལྔ་ལག་བསྟར་གཏིང་ཟབ་བྱེད་དགོས། མི་བཟང་གསོ་སྐྱོང་གི་རྩ་བའི་ལས་འགན་ལ་དམ་འཛིན་ནན་པོ་བྱེད་པ་དང་། རྒྱུན་སྲིང་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྦྱོང་བསླབ་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་སློབ་གསོ་སློབ་ཁྲིད་གཞི་གཅིག་ཅན་གྱི་འཛུགས་སྐྱོང་ལ་མུ་མཐུད་སྐུལ་འདེད་གཏོང་བ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སློབ་ཁང་གི་སློབ་ཁྲིད་དང་། སློབ་གྲྭའི་རིག་གནས། སྤྱི་ཚོགས་ལག་ལེན་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་པ། ཏང་གཅེས་རྒྱལ་གཅེས་དང་སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་བ་བཅས་བྱས་ནས་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་ཧུར་ཐག་བྱེད་དགོས།

    ལིའུ་ཅང་གིས་བླང་བྱ་བཏོན་དོན། ལྗོངས་ཡོངས་ཀྱི་རིམ་ཁག་འབྲེལ་ཡོད་སྡེ་ཚན་ཁག་དང་རིགས་ཁག་གི་སློབ་གྲྭས་སློབ་གསོ་སྟོབས་ཆེའི་ལྗོངས་སྐྲུན་པའི་དམིགས་ཚད་གཏན་འཁེལ་བྱེད་པ་དང་སློབ་གསོའི་ཁྱབ་ཁོངས་ཀྱི་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་དང་དམ་འཛིན་ཞིབ་ཚགས་བྱས་ནས་རང་ལྗོངས་ཀྱི་སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། ཕུགས་བསམ་དད་སེམས་ཀྱི་སློབ་གསོ་རྒྱུན་རྣམ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་དང་། རང་རེའི་ཀྲུང་ཧྭ་ལ་དགའ་བའི“སོན་འདེབས”བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་པ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་རྒྱུན་མཐུད་ངང་ཁྱབ་གདལ་གཏོང་བ། གཞོན་ནུ་དང་ལོ་ཆུང་བྱིས་པའི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། བསམ་བློ་ཆབ་སྲིད་ཀྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་གཞོན་ནུ་ལོ་ཆུང་སློབ་མར་ཡང་དག་པའི་འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ལྟ་བ་བཅས་འཛུགས་རྒྱུར་ཁྲིད་སྟོན་བྱེད་དགོས། སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་མགྱོགས་མྱུར་འཛུགས་པ་དང་། མི་འབོར་དང་། མི་སེམས། ཤེས་ལྡན་པ་བཅས་ཀྱི་གནད་དོན་ལ་དམིགས་པ། སློབ་གསོ་ཚན་རྩལ་གྱི་ཤེས་ལྡན་པའི་སྒྲིག་སྲོལ་ལམ་སྲོལ་གཞི་གཅིག་ཅན་གྱི་སྒྱུར་བཅོས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། རྨང་གཞིའི་སློབ་གསོའི་སྤུས་འདེགས་ལེགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། མཐོ་རིམ་སློབ་གསོ་དར་རྒྱས་གཏོང་བའི་བྱ་སྤྱོད་འཆར་གཞི་ལག་བསྟར་བྱེད་པ། ལས་རིགས་སློབ་གསོའི་སྤུས་ཚད་མཐོར་གཏོང་དང་ཕུལ་བྱུང་སྐྱེད་སྲིང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། སློབ་གསོས་རྒྱལ་ཁབ་ཀྱི་འཐབ་ཇུས་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། སློབ་གསོའི་ཁྱབ་ཁོངས་ཀྱི་ཞི་མཐུན་བརྟན་ལྷིང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་པ་དང་། འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་འཛུགས་སྐྲུན་དང་དོ་དམ་ལ་ཤུགས་སྣོན་རྒྱག་པ། སློབ་གྲྭའི་མཐའ་འཁོར་གྱི་བདེ་འཇགས་ཁོར་ཡུག་རྒྱུན་མཐུད་ངང་བཅོས་སྒྲིག་བྱེད་པ། སློབ་མའི་ཕྱིར་སྐྱོད་བདེ་འཇགས་འགན་ལེན་གྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཚོགས་བདེ་འཇགས་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། སློབ་མའི་སེམས་ཁམས་བདེ་ཐང་ལ་ཚད་མཐོའི་མཐོང་ཆེན་བྱེད་དགོས། སློབ་གསོའི་ཁྱབ་ཁོངས་ཀྱི་གནད་དོན་བཅོས་སྒྲིག་མུ་མཐུད་ཟབ་ཏུ་གཏོང་བ་དང་། ལས་ཀའི་བྱེད་ཐབས་ཞིབ་ཚགས་སུ་གཏོང་བ། ལྟ་སྐུལ་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་སློབ་གསོའི་ཁྱབ་ཁོངས་ཀྱི་སྤྱོད་གཙང་གཞུང་དྲང་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།