2026ལོའི་བོད་རང་སྐྱོང་ལྗོངས་ཀྱི“གཉིས་འགུགས་གཉིས་འདྲེན”གྱི་འོས་སྦྱོར་ཚོགས་འདུ་ཁྲེང་ཏུར་འཚོགས་པ།
ཚེས་22ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་དང་རང་སྐྱོང་ལྗོངས་མ་འཇོག་སྐུལ་སྤེལ་ཅུས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི“ས་མཐོའི་དཔལ་འབྱོར་ལ་མཐུན་རྐྱེན་སྦྱར་ནས། ཤེས་ལྡན་པའི་ལྗོངས་སྟོབས་ཆེན་སྐྲུན་རོགས་བྱེད”ཅེས་པའི་2026ལོའི་བོད་རང་སྐྱོང་ལྗོངས་ཀྱི་ཚོང་འགུགས་མ་འདྲེན་དང་ཤེས་ལྡན་པ་དང་བློ་རིག་འདྲེན་འགུགས་ཀྱི་འོས་སྦྱོར་ཚོགས་འདུ་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་དུ་འཚོགས་ཤིང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཕུན་ཚོགས་བསྟན་འཛིན་ཚོགས་འདུར་ཞུགས་ནས་ཤིས་ཚིག་བསྒྲོན་པ་དང་། ཁེ་ལས་དང་། ཤེས་ལྡན་པ། དངུལ་རྩའི་སྒྲིག་གཞི། ཚོང་ལས་ལས་རིགས་མཐུན་ཚོགས་བཅས་ཀྱི་མི་200ཙམ་ཞུགས་ཡོད་པ་རེད།
ཕུན་ཚོགས་བསྟན་འཛིན་གྱིས་ཤིས་ཚིག་སྒྲོན་སྐབས། བོད་རང་སྐྱོང་ལྗོངས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། “དོན་ཆེན་བཞིར”དམིགས་ནས“འཛུགས་གཏོད་བཞིར”ཤུགས་རྒྱག་པ། ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ། ས་མཐོའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ། རྒྱ་ཆེའི་ཁེ་ལས་མཁས་ཅན་དང་ལས་རིགས་ཁག་གི་ཤེས་ལྡན་པར་ལས་སྒྲུབ་ལས་གཏོད་དང་མཉམ་ལས་གཉིས་ཕན་གྱི་གར་སྟེགས་ཆེན་པོ་སྐྲུན་པ་དང་། ཁེ་ལས་མཁས་ཅན་བོད་དུ་མ་འཇོག་ལས་དར་དང་ཁྱད་ལྡན་ཐོན་ལས་མཉམ་འདྲེས་གཏིང་ཟབ་བྱེད་པར་གདན་འདྲེན་ཞུ་བ། ལས་རིགས་ཁག་གི་ཤེས་ལྡན་པ་ས་མཐོར་གཞི་ཚུགས་པ་དང་བྱས་རྗེས་འཇོག་པ་དང་། ལག་གདང་སྦྲེལ་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཐུན་མོང་ཐོག་གཏོད་པར་ཕེབས་རྒྱུའི་དགའ་བསུ་ཞུ་གི་ཡིན་ཞེས་གསུངས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 2026ལོའི་བོད་རང་སྐྱོང་ལྗོངས་ཀྱི“གཉིས་འགུགས་གཉིས་འདྲེན”གྱི་རིམ་སྤེལ་བྱེད་སྒོས“4+4+X”དེང་རབས་ཅན་གྱི་ཐོན་ལས་མ་ལག་ཁྲིད་སྟོན་དུ་བྱས་ཏེ། ལྟེ་བའི་འོས་སྦྱོར་ཚོགས་འདུ་དང་། ཐོན་ལས་ཀྱི་ཆེད་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ། ཚོགས་ཆུང་ཁག་བགོས་ཀྱིས་གནད་སྨིན་སྦྲེལ་མཐུད་བཅས་ཀྱི་རྣམ་པའི་ཐོག་ནས་ཁེ་ལས་དང་ཤེས་ལྡན་པར་གཡས་གཞོགས་གཡོན་འདེགས་བྱ་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།