ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།
ཚེས་18ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་བོད་ལྗོངས་འགྲེམས་ཚོགས་སྐབས་དྲུག་པ་གྲ་སྒྲིག་དང་། སྤུས་ཚད་མཐོ་པོས་ལས་ཞུགས་གང་ལེགས་ཐུབ་པ། ལུས་རྩལ་བྱ་གཞག་འཕེལ་རྒྱས་གཏོང་བ། ཡུན་རིང་བདག་སྐྱོང་འགན་བཅོལ་ལམ་ལུགས་འཛུགས་སྐྱོང་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་གནང་བ་རེད།
ཚོགས་འདུའི་ཐོག་བསྟན་དོན། བོད་ལྗོངས་འགྲེམས་ཚོགས་ནི་སྤྱི་ཚོགས་རིང་ལུགས་བོད་ལྗོངས་གསར་པའི་ཡིད་དབང་འཕྲོག་ཤུགས་ཕྱོགས་ཡོངས་ནས་མངོན་པའི་གསེར་གྱི་མིང་བྱང་ལྟ་བུ་ཞིག་དང་བོད་ཀྱི་རྒྱལ་སྤྱིའི་རང་བཞིན་གྱི་རྩེར་སོན་འགྲེམས་ཚོགས་གལ་ཆེན་ཞིག་རེད། ཆབ་སྲིད་ལ་སྣང་ཆེན་བྱེད་པའི་མཐོ་ཚད་ནས་བོད་ལྗོངས་འགྲེམས་ཚོགས་གཉེར་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ་བསམ་བློ་གཅིག་གྱུར་དང་བློ་སྒྲིལ་སེམས་སྐྱེད་ཀྱིས་བསམ་ཇུས་གཅིག་ལ་བརྟེན་ནས་སྐུལ་འདེད་གཏོང་ཐུབ་པ་བྱེད་དགོས། དུས་རབས་ཀྱི་ཁྱད་ཆོས་དང་། མི་རིགས་ཀྱི་ཁྱད་ཆོས། རྒྱལ་སྤྱིའི་ཁྱད་ཆོས་བཅས་མངོན་གསལ་དོད་པོ་ཡོང་བར་བྱས་ནས་བོད་ཀྱི་གསུང་སྒྲ་ཁྱབ་སྤེལ་ཡག་པོ་བྱས་ཏེ་བོད་ལྗོངས་འགྲེམས་ཚོགས་ཀྱི་ཤུགས་རྐྱེན་ཐེབས་ནུས་དང་། ཁྱབ་འགྱེད་ནུས་པ། སྐུལ་ཁྲིད་ནུས་པ་བཅས་ཆེ་རུ་གཏོང་དགོས། ཚོགས་དོན་ཞབས་ཞུ་སྒྲིག་འཛུགས་དང་། རྣམ་པ་བཟང་པོ་བཏོད་པ། ཞབས་ཞུ་འགན་ལེན་སོགས་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་དང་ཞིབ་ཚགས་བྱེད་པར་དམིགས་ཏེ་ཇུས་འགོད་དང་བཀོད་སྒྲིག་སྔ་ཙམ་བྱས་ཐོག་སྔོན་ཚུད་ནས་གྲ་སྒྲིག་ཡག་པོ་བྱེད་པ་དང་རང་འགུལ་དམག་འཐབ་ཡག་པོ་རྒྱག་དགོས། ནོར་སྲིད་དང་དཔལ་འབྱོར་གྱི་སྒྲིག་ཁྲིམས་ནན་དུ་བཏང་ནས་ཟ་མཁས་འཐུང་མཁས་བྱེད་པའི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ་མ་དངུལ་མཁོ་ཆེ་སར་བེད་སྤྱོད་བྱེད་པ་དང་། མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་འཕྲལ་སྡོམ་སྔོན་ཇུས་འཐུས་སྒོ་ཚང་དུ་བཏང་ནས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་མཐའ་གཅིག་ཏུ་བརྟན་པོ་བསྐྲུན་དགོས།
ཚོགས་འདུའི་ཐོག་བསྟན་དོན། ལས་ཞུགས་ནི་དམངས་འཚོའི་རྩ་བ་ཡིན་པ་དང་རྩལ་ནུས་ནི་བྱ་གཞག་གཏོད་པའི་རྨང་གཞི་ཡིན། ལས་བརྩོན་བོད་དར་གྱི་རྩལ་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་སྤེལ་བ་དེས་ལས་ཞུགས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། སྡེ་ཚན་མཐུན་སྦྱོར་དང་གོང་འོག་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་ནས་འདྲི་གཞི་གཅིག་ལ་མཉམ་དུ་ལན་འདེབས་པ་དང་ཕྱོགས་གཅིག་ལ་ཤུགས་རྒྱག་དགོས། དམིགས་སའི་རང་བཞིན་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་སློབ་ཚན་བཀོད་སྒྲིག་གནད་ལ་འཁེལ་བ་དང་མིར་གཞིགས་ནས་སློབ་ཁྲིད་དང་དགོས་མཁོ་དང་བསྟུན་ནས་གསོ་སྦྱོང་བྱས་ཏེ་གསོ་སྦྱོང་གི་ཕན་འབྲས་ཆེ་རུ་ཏན་ཏིག་གཏོང་དགོས། སྲིད་ཇུས་གསལ་འགྲེལ་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་རྩལ་ནུས་ལ་བརྩི་འཇོག་དང་རྩལ་ནུས་གོང་དུ་བཀུར་བའི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས།
ཚོགས་འདུའི་ཐོག་བསྟན་དོན། ལུས་རྩལ་ནི་མི་དམངས་ཀྱི་བདེ་སྐྱིད་དང་འབྲེལ་བ་ཡོད་པ་དང་མི་རིགས་ཀྱི་འབྱུང་འགྱུར་དང་འབྲེལ་བ་ཡོད། “མཁྲེགས་ཆས”དང“མཉེན་ཆས”ཀྱི་ཆུ་ཚད་མཐོ་རུ་བཏང་ནས་དམངས་ཡོངས་ཀྱི་ལུས་སྦྱོང་གི་སྤྱི་པའི་ཞབས་ཞུའི་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་གཏོང་དགོས། རྣམ་གྲངས་ཀྱི་བཀོད་པ་ལེགས་སུ་གཏོང་བ་དང་། ཤེས་ལྡན་པའི་དཔུང་ཁག་སྟོབས་ཆེར་གཏོང་བ། རྩལ་འགྲན་ལུས་རྩལ་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་སླར་ཡང་རྩེ་མོར་འཛེགས་ཐུབ་པ་བྱེད་དགོས།
ཚོགས་འདུའི་ཐོག་བསྟན་དོན། སྐྱེ་ཁམས་ཁོར་ཡུག་སྐོར་གྱི་ཁྲིམས་གཞུང་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་ལག་ལེན་བསྟར་ཉེར་ཡོད་པས། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ་ཚད་མཐོའི་འགན་འཁྲི་འཁུར་སེམས་ཀྱི་ཐོག་ནས་བཅའ་ཁྲིམས་ཀྱི་ནང་དོན་གཙོ་བོ་ཁོང་དུ་ཡང་དག་ཆུད་པར་བྱེད་པ་དང་། བོད་ཀྱི་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་གྱིས་སློབ་སྦྱོང་དྲིལ་བསྒྲགས་དང་། ལག་བསྟར་ནུས་ལྡན། ལམ་ལུགས་སྦྲེལ་མཐུད་བཅས་ལ་དམ་འཛིན་ཡག་པོ་བྱས་ནས་ཁྲིམས་སྐྱོང་གི་ལེགས་ཆ་བོད་སྐྱོང་དང་། བོད་བརྟན། བོད་དར་བཅས་ཀྱི་ཕན་ནུས་སུ་ཏན་ཏིག་བསྒྱུར་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་བཏོད་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེའུ་གསར་པ་རྩོམ་དགོས།
ཚོགས་འདུའི་ཐོག་བསྟན་དོན། མི་དམངས་ལྟེ་བར་འཛིན་པ་མཐའ་འཁྱོངས་ཀྱིས་མི་འབོར་ན་རྒས་ཅན་ལ་ཁ་གཏད་ཧུར་ཐག་གཅོག་པ་དང་། གང་ཐུབ་ཅི་ཐུབ་དང་ནུས་པས་ལྕོགས་ཚོད་བྱེད་པ། ཕྱོགས་ཁག་གི་སྟོབས་ཤུགས་སྐོང་འཐེན་གང་ལེགས་བྱེད་པ། སྤྱི་ཚོགས་ཀྱི་དོ་ཁུར་ལ་ལན་ཧུར་ཐག་སློག་པ་བཅས་བྱས་ནས་ཡུན་རིང་འཚོ་སྐྱོང་གི་འགན་བཅོལ་ལམ་ལུགས་འཛུགས་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བརྟན་པོ་གཏོང་དགོས།
ཚོགས་འདུའི་ཐོག་ད་དུང་ས་ཁོངས་རོགས་ལས་དང་། ཐོན་ལས་འཕེལ་རྒྱས། བདེ་འཇགས་ཐོན་སྐྱེད། ཡིག་འབུལ་ཞུ་བཅར་ལས་དོན་སོགས་ཀྱི་དོན་གནད་ལ་ཞིབ་འཇུག་ཀྱང་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།