ལིའུ་ཅང་གིས་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་དང་ཁྲེང་ཀོན་ཆུས་སུ་བརྟག་ཞིབ་གནང་བ།
ཚེས་16ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་གིས་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་དང་ཁྲེང་ཀོན་ཆུས་སུ་ཕེབས་ཏེ། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་ནུས་པ་འདོན་སྤེལ་དང་། བདེ་འཇགས་འགོག་ཟོན། གཞི་རིམ་བཅོས་སྐྱོང་། དམངས་ཆེད་ཞབས་ཞུ་སོགས་ཀྱི་ལས་ཀའི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད། ཁོང་གིས། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་དང་། མི་དམངས་ཀྱི་ལངས་ཕྱོགས་སུ་ཐོག་མཐའ་བར་གསུམ་དུ་བརྟན་པོར་ལངས་པ། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་བཅས་བྱས་ནས། གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
སྟག་རྩེ་ཆུས་བདེ་ཆེན་གྲོང་རྡལ་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་དང་ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ། ལིའུ་ཅང་གིས་ས་ཡུལ་དངོས་ཀྱི་སྐར་ཁུང་ཞབས་ཞུ་དང་། འགལ་ཟླ་འདུམ་འགྲིག ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཆ་འཕྲིན་ཅན་ལས་སྟེགས་འཁོར་སྐྱོད་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་ཞིང་། གཞི་རིམ་ལས་བྱེད་པ་དང་སྤེལ་རེས་གཏིང་ཟབ་གནང་ནས། “གཅིག་འཐུས་རྣམ་པའི”རྩོད་གཞི་འདུམ་འགྲིག་གི་བརྒྱུད་རིམ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ནི་སྤྱི་ཚོགས་ཀྱི་བཅོས་སྐྱོང་ཐོན་ཁུངས་བསྡུ་སྒྲིལ་དང་སྤྱི་ཚོགས་བཅོས་སྐྱོང་བྱ་ཐབས་གསར་གཏོད་བྱེད་པའི་ལས་སྟེགས་གལ་ཆེན་ཞིག་རེད། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་གྱི་སྒོ་ནས་འཁོར་སྐྱོད་བྱེད་པར་སྐུལ་འདེད་བཏང་སྟེ། འགན་འཁྲིའི་ངེས་གནས་སྟངས་འཛིན་ཡང་དག་བྱེད་པ་དང་། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། སྒྲུབ་སྐུལ་དོན་འཁྱོལ་ལ་ཤུགས་རྒྱག་པ་བཅས་བྱས་ནས། མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་ལས་དོན་ཡག་པོ་སྒྲུབ་དགོས། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ། དྲ་མིག་པ་དང་དུད་སྦྲེལ་ཐེམ་དཔོན་སོགས་གཞི་རིམ་བཅོས་སྐྱོང་སྟོབས་ཤུགས་ཀྱི་ནུས་པ་གང་ལེགས་བཏོན་ནས། མང་ཚོགས་ཀྱི་ཁྱིམ་དུ་ཡང་སེ་སྐྱོད་པ་དང་མང་ཚོགས་དང་སྙིང་ཉེ་བའི་གཏམ་མང་ཙམ་གླེང་སྟེ། དུས་ཐོག་ཏུ་རེ་ཞུ་གསལ་ཞུ་དང་འགལ་ཟླ་སེལ་དགོས། ཆ་འཕྲིན་ཅན་གྱིས་མཐུན་རྐྱེན་སྦྱོར་བ་འདེགས་སྐྱོར་དུ་བྱས་ཏེ། གྲངས་གཞི་སྤེལ་རེས་དང་། སྟོབས་ཤུགས་མཉམ་སྒྲུབ། དང་ལེན་མཉམ་འགུལ་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་རེ་ཞུ་ཚང་མ་སྒྲུབ་མཁན་ཡོད་པ་དང་ཁྲིམས་བཞིན་བསྒྲུབས་ཏེ། འགལ་ཟླ་སེལ་བ་དང་རྩོད་གཞི་འདུམ་འགྲིག“གནས་གཅིག་ལས་བརྒྱུད་མི་དགོས་པ”མངོན་འགྱུར་ཐུབ་པར་བྱེད་དགོས་ཞེས་གསུངས་པ་རེད།
སྟག་རྩེ་ཆུས་འབྲོམ་ཐོད་ཤང་མངགས་གཏོང་ཁང་དང་ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་དར་དམར་མངགས་གཏོང་ཁང་རགས་ཁ་ཆུ་འཁོར་དམངས་ཕན་ཉེན་དོན་ས་ཚིགས་སུ། ལིའུ་ཅང་གིས་གཞི་རིམ་བདེ་འཇགས་འགོག་ཟོན་མ་ལག་འཛུགས་གཏོད་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་བཏང་སྟེ། རང་འགུལ་ངང་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་ནས། མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་དང་བློ་ཡིད་ཚིམ་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་གཏོང་དགོས། གཞི་རིམ་དུ་གཞི་ཚུགས་རྒྱུ་མཐའ་འཁྱོངས་ཀྱིས་ཉེན་རྟོག་པ་གཞི་རིམ་དུ་སྐྱོད་པ་དང་། ཐོན་ཁུངས་གཞི་རིམ་ལ་སྤྲོད་པ། ཞབས་ཞུ་གཞི་རིམ་དུ་ཁྱབ་པ་བཅས་ལ་སྐུལ་འདེད་བཏང་སྟེ། འགལ་ཟླ་སྔོན་ཚུད་ནས་ཤེས་རྟོགས་དང་། ཉེན་ཁར་སྔོན་ཚུད་ནས་ཐེ་ཇུས། གནད་དོན་སྔོན་ཚུད་ནས་ཐག་གཅོད་བཅས་ཐུབ་པར་བྱེད་དགོས། ཞབས་ཞུའི་འདུ་ཤེས་འཛུགས་སྐྱོང་གིས་མང་ཚོགས་ཀྱི་བདེ་སྡུག་སེམས་ལ་འཇོག་པ་དང་། མི་སེར་གྱི་རེ་ཞུ་ཐག་གཅོད་ནུས་ལྡན་བྱེད་པ། དམངས་ཆེད་ཞབས་འདེགས་ཞུ་བའི་ཁས་ལེན་དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ཏེ། ཞིབ་ཅིང་ཕྲ་བ་དང་སེམས་རྩ་འཁོལ་བའི་ཞབས་ཞུར་བརྟེན་ནས་མི་རིགས་མཐུན་སྒྲིལ་དང་ཡུན་རིང་བདེ་འཁོད་ཀྱི་གཞི་རིམ་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་དགོས། ལས་སྒོའི་འཇོན་ཐང་ཆེར་གཏོང་ལ་ཤུགས་སྣོན་བརྒྱབ་སྟེ། ལས་ཀའི་འཇོན་ཐང་རྒྱུན་མཐུད་ཆེ་རུ་གཏོང་དགོས། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་ཏེ། མང་ཚོགས་བློ་ཡིད་ཚིམ་མིན་དེ་གཞི་རྩའི་ཚད་གཞིར་འཛིན་ནས། མང་ཚོགས་ཀྱི་ལམ་ཕྱོགས་ཐོག་ཏན་ཏིག་སྐྱོད་པ་དང་། འགན་ཟླ་སྔ་ས་དང་ཆུང་ས་ནས་སེལ་བ། ཞབས་ཞུ་འགན་སྲུང་ལེགས་སུ་དང་བརྟན་དུ་གཏོང་བ། “འགལ་ཟླ་གོང་ཞུ་མི་བྱེད་པ་དང་། ཞབས་འདེགས་ཡག་པོ་ཞུ་བ། བདེ་འཇགས་ཀྱི་གནད་དོན་མི་ཐོན་པ”བཅས་དངོས་འབྲེལ་ཐུབ་པར་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་གསར་པ་སྐྱེས་སུ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།