ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་ཀྱི་ཞིང་ལས་དང་གྲོང་གསེབ་ཁོངས་གཏོགས་སུ་བརྟག་ཞིབ་གནང་བར་ཕེབས་པ།

འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཀྱི་ཞིང་ལས་དང་གྲོང་གསེབ་ཁོངས་གཏོགས་སུ་བརྟག་ཞིབ་གནང་བཞིན་པ།
● “ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་སྐུལ་འདེད་ཏན་ཏིག་བཏང་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ཏན་ཏིག་གཏོང་དགོས།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་ཀྱི་ཞིང་ལས་དང་གྲོང་གསེབ་ཁོངས་གཏོགས་སུ་བརྟག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས། “ཞིང་གསུམ”ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་སྐུལ་འདེད་ཏན་ཏིག “ཞིང་གསུམ”ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཅས་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ཏན་ཏིག་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་འབྲེལ་ཡོད་ལས་སྒོ་ཁྲུའུ་དང་ཁང་དུ་ཕེབས་ནས། “ལོ་ལྔ་ཚན་བཅོ་ལྔ་པའི”རང་སྐྱོང་ལྗོངས་ཀྱི་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་འཆར་འགོད་དང་། ཞིང་འབྲོག་པའི་འབབ་འཕར། ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས། དེ་བཞིན་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ལྟ་སྐུལ་མཛུབ་ཁྲིད་དང་། ཞིབ་བཤེར། ཞིབ་དཔྱད་སོགས་ཀྱི་ལས་དོན་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ། ལས་ཁུངས་ཀྱི་ལས་བྱེད་པར་གཟིགས་པ་དང་འཚམས་འདྲི་ཡང་གནང་ཞིང་། ཁོང་གིས་བོད་ཀྱི་རྒྱལ་ཁབ་ས་ཆ་90%ཡན་ནི་ཞིང་འབྲོག་ཁུལ་དང་མི་འབོར་གྱི་བཅུ་ཆ་བདུན་ཙམ་ནི་ཞིང་འབྲོག་པ་རེད། ཞིང་འབྲོག་ལས་སྟོབས་ཆེན་ཡོད་མེད་དང་། ཞིང་འབྲོག་ཁུལ་མཛེས་སྡུག་ལྡན་མིན། ཞིང་འབྲོག་མང་ཚོགས་ཕྱུག་པོ་ཡོད་མེད་བཅས་ལས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་གྱི་སྤུས་ཚད་ཐག་གཅོད་ཀྱི་ཡོད། ཚན་རིག་ལག་རྩལ་སློབ་སྦྱོང་དང་། ཁྱབ་གདལ། བེད་སྤྱོད་བཅས་གཏིང་ཟབ་བྱས་ནས་གྲོང་ཚོ་དང་། དུད་ཚང་། ཞིང་ནང་དང་མུ་ཁ་བཅས་སུ་ཚན་རྩལ་ཁྱབ་སྤེལ་གཏོང་བར་སྐུལ་འདེད་བཏང་སྟེ། ཞིང་འབྲོག་ལས་ཀྱི་སྤུས་འབྲས་ལེགས་གཉེར་ཐུབ་རྒྱུར་འགན་སྲུང་བྱེད་དགོས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ་དང་བར་མཐོངས་ཁྱབ་འགོད་དང་། དཔལ་འབྱོར། སྐྱེ་ཁམས་སོགས་ཁྱབ་ཁོངས་ལ་དམ་པོར་དམིགས་ཏེ། ཞིང་འབྲོག་ཁུལ་གྱི་དེང་རབས་འཚོ་བའི་ཆ་རྐྱེན་གྱི་ཞན་ཆ་སེལ་བ་དང་ཞིང་འབྲོག་ཁུལ་གྱི་སྤུས་ལེགས་འཚོ་བའི་བར་མཐོངས་སྐྲུན་དགོས། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་སྐྱེད་དུ་གཏོང་བ་དང་ཞིང་ཕན་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ཏེ་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གང་མགྱོགས་གཏོང་དགོས་ཞེས་བསྟན་གནང་བ་རེད།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། བོད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་བརྟན་སྲུང་མཐའ་གཅིག་ཏུ་བྱས་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱས་པ། དབུལ་སྒྲོལ་ས་ཁུལ་གྱི་གྲོང་གསེབ་ཀྱི་ཐོན་ལས་དང་། ཤེས་ལྡན་པ། རིག་གནས། སྐྱེ་ཁམས། རྩ་འཛུགས་སོགས་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་བཏང་བ། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་དབུལ་འགྱུར་གྱི་མཐའ་ཚད་བརྟན་པོར་བསྲུངས་ཡོད། འཚོ་སྡོད་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཞིང་། རིམ་རྩིས་བརྒྱབ་ན་ས་མཐོའི་མཛེས་མཐུན་གྲོང་གསེབ་1000བསྐྲུན་པ་དང་། གསང་སྤྱོད་ཁྲི་45ལྷག་ཙམ་སྒྱུར་བཀོད་བྱས་པ། གྲོང་གསེབ་ཀྱི་དུད་ཚང་དུ་གསང་སྤྱོད་ཁྱབ་ཚད་དང་ཞིང་འབྲོག་ཁུལ་དུ་མི་ཕྱུགས་ལོགས་སུ་དབྱེ་ཚད་84%དང་98%སོ་སོར་ཟིན་ནས་གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་པ། ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་ཏན་ཏིག་བཏང་ཞིང་། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལོ་རེར་ཆ་སྙོམས་བྱས་ན་9.7%འཕར་བ་དང་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཧེ་བག་སྔར་བས་ཆུང་དུ་ཕྱིན་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།
ཝང་ཅུན་ཀྲེང་གིས་བསྟན་དོན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་རྨང་གཞི“ཞིང་གསུམ”དུ་ཡོད་ལ། མི་མངོན་པའི་སྟོབས་ཤུགས་ཀྱང“ཞིང་གསུམ”དུ་ཡོད། དེས་ན་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བོད་ཀྱི“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པའི་ཆོས་ཉིད་རང་བཞིན་ངོས་འཛིན་གཏིང་ཟབ་ཐུབ་པ་དང་། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ“ཞིང་གསུམ”ལས་དོན་གྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ། ལས་འགན་གཙོ་བོ་དམ་པོར་འཛིན་པ། འགན་འཁྲིའི་འདུ་ཤེས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ་བཅས་བྱས་ནས“ཞིང་གསུམ”ལས་དོན་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཧུར་ཐག་གཏོང་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་དང་། དབུལ་ལོག་དབུལ་འགྱུར་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། རིག་ནུས་ཅན་གྱི་བྱ་ཐབས་གང་ལེགས་སྤྱོད་པ། ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལས་དོན་གྱི་ནུས་ཕྱོད་ཆེ་རུ་གཏོང་བ། རྒྱུན་གཏན་ཅན་གྱི་རོགས་སྐྱོར་སྲིད་ཇུས་ལམ་སྲོལ་ལེགས་སུ་དང་འཐུས་སྒོ་ཚང་དུ་གཏོང་བ། ཐོན་ལས་རོགས་སྐྱོར་དང་ལས་ཞུགས་རོགས་སྐྱོར་ཏན་ཏིག་བྱེད་པ། རྩལ་ནུས་གསོ་སྦྱོང་དང་ལས་ཞུགས་ལས་གནས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་དབུལ་འགྱུར་གྱི་གནས་ཚུལ་མ་ཐོན་པའི་འགན་ལེན་བྱེད་དགོས། ཞིང་འབྲོག་པའི་ཡོང་འབབ་འཕར་བ་བྱེད་པའི་ལྟེ་བའི་ལས་འགན་ཁོང་དུ་བརྟན་པོ་ཆུད་པར་བྱེད་དགོས་ཤིང་། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། གྲོང་གསེབ་ཡུལ་སྐོར་དང་། སྤྲོ་གསེང་ཞིང་ལས། གྲོང་གསེབ་དྲ་ཐོག་ཚོང་ཁང་སོགས་ཀྱི་ཐོན་ལས་གསར་པ་དང་ལས་རྣམ་གསར་པ་སྐྱེད་སྲིང་བྱེད་པ། སྣེ་འདྲེན་ཁེ་ལས་ནང་འདྲེན་བྱེད་པ། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་རྩ་འཛུགས་སྟོབས་ཆེར་གཏོང་བ། མང་ཚོགས་ཚོས་གོ་ཐུབ་པའི་སྐད་ཆ་དང་ལྟ་འདོད་ཅིང་ཉན་སྤྲོ་བའི་རྣམ་པར་བརྟེན་ནས་ལག་རྩལ་གསར་པ་དང་བསམ་བློ་གསར་པ་གཞི་རིམ་གྱི་འཐབ་ས་དང་པོར་དྲིལ་བསྒྲགས་བྱེད་པ། ཞིང་འབྲོག་པས་དངོས་འབྲེལ་སེམས་ལ་ངེས་ཐུབ་པ་དང་སྤྱོད་ཐུབ་པར་བྱེད་པ། ཚང་མར་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འཚོ་བ་སྐྱིད་པོ་ཞིག་སྐྱེལ་རྒྱུ་ཡོང་བ་དང་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་རོལ་ཐུབ་པའི་ཁྲིད་སྟོན་བཅས་བྱེད་དགོས། ས་མཐོའི་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་ཤིང་། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་དགོས་མཁོ་སྐོང་རྒྱུ་ཕྱོགས་སྟོན་དུ་འཛིན་པ་དང་། ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་སྐྲུན་མགྱོགས་སུ་གཏོང་བ། གཞི་རྩའི་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་འཛུགས་གཏོད་ལ་ཤུགས་སྣོན་རྒྱག་པ། གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་ཟབ་ཏུ་གཏོང་བ་བཅས་བྱས་ནས་ཞིང་འབྲོག་མང་ཚོགས་བདེ་སྡོད་ལས་བརྩོན་དང་ཞིང་འབྲོག་ཁུལ་གྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས།
ཝང་ཅུན་ཀྲེང་གིས། ད་ལོ་ནི་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལས་དོན་སྤེལ་བའི་ལོ་དང་པོ་ཡིན་པས“ཞིང་གསུམ”ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་གལ་འགངས་ཤིན་ཏུ་ཆེ། ཏང་གིས“ཞིང་གསུམ”ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་དགོས་ཤིང་། ཏང་གིས་གྲོང་གསེབ་ལས་དོན་ལ་འགོ་ཁྲིད་བྱེད་པའི་སྒྲིག་སྲོལ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རིམ་ལྔའི་ཧྲུའུ་ཅིས་གྲོང་གསེབ་དར་རྒྱས་ལ་དམ་འཛིན་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ། གཞི་རིམ་ལ་དམ་འཛིན་དང་། རྨང་གཞི་བརྟན་གཏོང་། གཞི་རྩ་བརྟན་གཏོང་བཅས་ཀྱི་ལས་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མངོན་གསལ་དོད་དུ་གཏོང་བ། ཏང་འཛུགས་སྐྱོང་གིས་གྲོང་གསེབ་ཕྱོགས་ཡོངས་དར་རྒྱས་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བཅས་བྱེད་དགོས། དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་ཤིང་། “ཞིང་གསུམ”ཁྱབ་ཁོངས་ཀྱི་འཕེལ་རྒྱས་ཀྱི་ལམ་སྣེ་འདྲེན་མཁན་དང་། ཐོན་ལས་ཀྱི་སྣེ་ཁྲིད་པ། སྲིད་ཇུས་ཀྱི་གསལ་ཤེས་པ་བཅས་སྐྱེད་སྲིང་ཧུར་ཐག་བྱས་ནས་ཞིང་ལས་ཤེས་པ་དང་། གྲོང་གསེབ་ལ་དགའ་ཞེན་ཆེ་བ། ཞིང་པར་བརྩེ་བ་བཅས་ཀྱི“ཞིང་གསུམ”ལས་བྱེད་པའི་དཔུང་ཁག་ཧུར་ཐག་གཏོད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་དགོས་ཤིང་། དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་སྲིད་དོན་ལས་རྗེས་ཆེ་ཤོས་སུ་བརྩི་བ་དང་། དམངས་ལ་བརྩེ་བ་ཟབ་མོ་འཆང་བ། སྤྱོད་ཚུལ་བཟང་པོ་སྐྱེད་སྲིང་བྱེད་པ། ཞིང་འབྲོག་ཁུལ་གྱི་དོན་དངོས་ནས་འགོ་འཛུགས་པ། ཞིང་འབྲོག་པའི་འདོད་བློར་བསྟུན་གང་ཐུབ་བྱེད་པ། རྨང་གཞི་འདིང་བ་དང་། ཕུགས་ལ་ཕན་པ། དམངས་འཚོར་ཕན་པ་བཅས་ཀྱི་བྱ་བ་མང་ཙམ་སྒྲུབ་པ། “ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པའི་ནུས་པ་དང་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ཏེ། དངོས་སྒྲུབ་དང་གྲུབ་འབྲས་དངོས་ལ་བརྟེན་ནས“ཞིང་གསུམ”ལས་དོན་ལ་ཕན་འབྲས་གསར་པ་ཐོན་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།