ཝང་ཅུན་ཀྲེང་གིས་བོད་ལྗོངས་རྒྱལ་སྤྱིའི་ཁྱབ་སྤེལ་ཚོགས་ཆེན་སྐབས་གཉིས་པར་མཆན་འགོད་མཛུབ་སྟོན་གནང་བ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་བོད་ལྗོངས་རྒྱལ་སྤྱིའི་ཁྱབ་སྤེལ་ཚོགས་ཆེན་སྐབས་གཉིས་པར་མཆན་འགོད་མཛུབ་སྟོན་གནང་བ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། བོད་ལྗོངས་རྒྱལ་སྤྱིའི་ཁྱབ་སྤེལ་ཚོགས་ཆེན་སྐབས་གཉིས་པ་འགོ་ཚུགས་པའི་སྐབས་འདིར། ངས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཚོགས་ཆེན་འཚོགས་པར་ལྷག་བསམ་ཟོལ་མེད་ཀྱི་རྟེན་འབྲེལ་ཞུ་རྒྱུ་དང་། ཚོགས་ཆེན་ལ་ཞུགས་མཁན་ལས་རིགས་ཁག་གི་མི་སྣར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ་གི་ཡིན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་ལ་བརྟན་པ་དང་གྲུབ་འབྲས་གཡུར་དུ་ཟ་བས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དོ་ཁུར་ཇེ་ཆེར་ཐོབ་པ་དང་བོད་ཀྱི་མི་དམངས་ཀྱིས་ཀྱང་འཛམ་གླིང་དང་མཉམ་དུ་འཕེལ་རྒྱས་དང་ཡར་ཐོན་གྱི་སྤྲོ་སྣང་ལོངས་སུ་སྤྱོད་འདོད་བྱེད་ཀྱི་ཡོད། བོད་ལྗོངས་རྒྱལ་སྤྱིའི་ཁྱབ་སྤེལ་ཚོགས་ཆེན་འཚོགས་པ་ནི་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ལག་བསྟར་དོན་འཁྱོལ་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་ཕྱི་འབྲེལ་ལ་ཞབས་འདེགས་ཞུ་བ་དང་དུས་རབས་གསར་པའི་བོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པར་དགེ་མཚན་ལྡན་པའི་སྐུལ་འདེད་ཀྱི་ནུས་པ་ལྡན་ཡོད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་ཁག་འབྲེལ་ཡོད་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། “གཏན་འཁེལ་གཉིས”ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ། ཆབ་སྲིད་ཀྱི་ཁ་ཕྱོགས་དང་། གླེང་ཕྱོགས་ཀྱི་ཁྲིད་སྟོན། རིན་ཐང་གི་ལྟ་བ་འཛིན་ཕྱོགས་བཅས་སྟངས་འཛིན་ཡང་དག་བྱེད་པ། འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་མཐའ་ཚད་སྲུང་བ་བཅས་བྱས་ཏེ། བོད་ཀྱི་ལས་དོན་ཁག་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་སུ་མདུན་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞིར་དམིགས་ནས་གོ་བདེ་ཤེས་སླའི་སྐད་ཆ་དང་ལྟ་འདོད་ལ་ཉན་སྤྲོ་བའི་ཐབས་ལམ་སྤྱད་ནས་དཔལ་འབྱོར་འཕེལ་རྒྱས་དང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་ཞི་མཐུན། སྐྱེ་ཁམས་བཟང་བ། མཐའ་སྲུང་སྲ་བརྟན། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཀྱི་ངོ་མཚར་ཆེ་བའི་གཏམ་རྒྱུད་ཡག་པོ་བཤད་དེ་བོད་ཀྱི་གཟུགས་བརྙན་བཟང་པོ་ཕྱོགས་ཡོངས་ནས་མངོན་པར་བྱེད་དགོས། ཕྱི་ཕྱོགས་སུ་ཁྱབ་སྤེལ་བྱེད་པའི་འདུ་ཤེས་དང་། གཞི་རྟེན། བྱ་ཐབས་བཅས་གསར་གཏོད་བྱེད་པ་དང་། ཀུན་འདུས་སྨྱན་སྦྱོར་གྱི་ཁྱབ་སྤེལ་་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ། ལྗོངས་ཕྱི་ནང་གི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱེད་པ། རྒྱལ་སྤྱིར་ཁྱབ་སྤེལ་གྱི་ཐབས་ལམ་རྒྱ་ཆེར་གཏོང་བ། ཕྱི་ཕྱོགས་དང་སྤེལ་རེས་མཉམ་ལས་གཏིང་ཟབ་བྱེད་པ། ཁྱད་ལྡན་སྤུས་རྟགས་ཐོན་རྫས་གཏོད་པ་བཅས་བྱས་ཏེ་བོད་ལྗོངས་རྒྱལ་སྤྱིའི་ཁྱབ་སྤེལ་གྱི་མཉམ་འདྲེས་ནུས་པ་དང་། ཤུགས་རྐྱེན་ཐེབས་ནུས། ཁྱབ་སྤེལ་ནུས་པ་བཅས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས།
ཝང་ཅུན་ཀྲེང་གིས་གསུངས་དོན། ཚོགས་ཆེན་ལ་ཞུགས་མཁན་ལས་རིགས་ཁག་གི་མི་སྣས་གངས་ལྗོངས་ཀྱི་ས་རྒྱུ་གཤིན་པོར་གཞི་ཚུགས་པ་དང་། གོ་ལ་ཧྲིལ་པོའི་མཐོང་རྒྱ་ཆེ་རུ་གཏོང་བ། རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ། ཐབས་འདོན་ཇུས་འབུལ་ཧུར་ཐག་བྱེད་པ། བོད་ལྗོངས་དྲིལ་བསྒྲགས་དང་འོས་སྦྱོར་ཤུགས་ཆེན་བྱེད་པ་བཅས་བྱས་ཏེ་འཛམ་གླིང་གིས་དེ་བས་ལེགས་པའི་སྒོ་ནས་བོད་ལྗོངས་ཤེས་རྟོགས་དང་བོད་ལྗོངས་དེ་བས་མགྱོགས་པའི་སྒོ་ནས་འཛམ་གླིང་ཕྱོགས་སུ་བསྐྱོད་དེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་རྒྱུའི་རེ་བ་ཡོད།
ཟླ་6ཚེས་16ཉིན། བོད་ལྗོངས་རྒྱལ་སྤྱིའི་ཁྱབ་སྤེལ་ཚོགས་ཆེན་སྐབས་གཉིས་པ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཞུས་ཀྲི་ཝུན་གྱིས་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཆན་འགོད་མཛུབ་སྟོན་སྒྲོག་སྦྱང་གནང་བ་དང་འབྲེལ་ཤིས་ཚིག་ཀྱང་བསྒྲོན་པ་རེད།
ཞུས་ཀྲི་ཝུན་གྱིས་ཤིས་ཚིག་སྒྲོན་སྐབས། ཀྲུང་ཧྭའི་རིག་གནས་ཀྱི་ལངས་ཕྱོགས་བརྟན་སྲུང་བྱེད་པ་དང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སྣེ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། རིག་གནས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ་དང་ཀྲུང་ཧྭའི་ཤེས་རིག་གི་འཕེལ་རྒྱུན་མུ་མཐུད་རྒྱུན་འཛིན་བྱེད་པ། ཕྱི་ཕྱོགས་དང་རིག་གནས་སྤེལ་རེས་བྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ཏེ་རྒྱལ་སྤྱིའི་ཐོག་ཁྱབ་སྤེལ་བྱེད་པའི་ནང་དོན་དང་རིན་ཐང་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་དགོས། དོན་བརྗོད་ལེགས་སུ་གཏོང་བ་དང་། འཇུག་སྒོ་ཆུང་ས་ནས་དོན་དངོས་ཀྱི་དཔྱད་གཞི་སྔོག་འདོན་བྱེད་པ། རྒྱལ་སྤྱིའི་ཐོག་བརྗོད་པར་འཚམ་པའི་ནང་དོན་གྱི་ཐོན་རྫས་གཏོད་པ། དུས་རབས་གསར་པའི་བོད་ཀྱི་གཏམ་རྒྱུད་དང་བོད་ཀྱི་སྐད་སྒྲ་ས་ཁོངས་ཅན་དང་། ཚོགས་རིགས་དབྱེ་བ། གནད་སྨིན་ཅན་བཅས་ཀྱི་སྒོ་ནས་བརྗོད་རྒྱུར་སྐུལ་འདེད་གཏོང་བ། ངེས་ཤེས་བརྗེ་རེས་དང་བརྩེ་སེམས་གཅིག་མཐུན་བཅས་ཡོང་བར་སྐུལ་འདེད་གཏོང་དགོས། ལག་རྩལ་གྱི་མཐུན་རྐྱེན་སྦྱོར་བར་སྐུལ་འདེད་གཏོང་བ་དང་། མི་ཐབས་རིག་ནུས་སོགས་ལག་རྩལ་གསར་པ་དང་བྱེད་ཐབས་གསར་པ་རང་འགུལ་ངང་སྤྱོད་པ། བོད་དང་འབྲེལ་བ་ཡོད་པའི་རྒྱལ་སྤྱིའི་ཁྱབ་སྤེལ་རྣམ་པ་གསར་པ་བསྐྱར་དུ་གཏོད་པ་བཅས་བྱས་ནས། ཇི་མ་ཇི་བཞིན་དང་། ཕྱོགས་བསྡུས། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་གཟུགས་བརྙན་བཟང་པོ་མངོན་པར་བྱེད་དགོས། མཐུན་སྦྱོར་མཉམ་འགུལ་བྱེད་ཤུགས་ཆེ་རུ་བཏང་ནས་ལས་རིགས་ཁག་དང་ཁྱབ་ཁོངས་ཁག་གི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། “གདན་འདྲེན་ཞུ་བ་དང་ཕྱིར་སྐྱོད་པའི”ཕྱོགས་གཉིས་སྤེལ་རེས་ལམ་སྲོལ་མུ་མཐུད་ལེགས་སུ་དང་འཐུས་སྒོ་ཚང་དུ་གཏོང་བ། སྣ་མང་བྱེད་པོ་རྒྱལ་སྤྱིའི་ཁྱབ་སྤེལ་བྱེད་སྒོའི་ནང་ཞུགས་པར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་པ་བཅས་བྱས་ནས་བོད་ཀྱི་རྒྱལ་སྤྱིའི་ཁྱབ་སྤེལ་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
འབྲེལ་ཡོད་གསར་འགྱུར།