བོད་རང་སྐྱོང་ལྗོངས་ཀྱི་ཐིག་རིས་སྲོལ་ཡིག
(2010ལོའི་ཟླ་11ཚེས་26ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་དགུ་པའི་ཐོག་གྲོས་འཆམ་བྱུང་བ་དང་། 2025ལོའི་ཟླ་9ཚེས་25ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་དགུ་པའི་ཐོག་བཟོ་བཅོས་བྱས་པ)
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།
[2025]ཡིག་ཨང་11པ།
《བོད་རང་སྐྱོང་ལྗོངས་ཀྱི་ཐིག་རིས་སྲོལ་ཡིག》འདི་2025ལོའི་ཟླ་9ཚེས་25ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་དགུ་པའི་ཐོག་བཟོ་བཅོས་བརྒྱབ་ནས་གྲོས་འཆམ་བྱུང་དོན་བཞིན་ད་ལྟ་ཡོངས་བསྒྲགས་བྱ་རྒྱུ་ཡིན་ཞིང་། 2026ལོའི་ཟླ་དང་པོའི་ཚེས་1ཉིན་ནས་བཟུང་ལག་བསྟར་བྱས་པ།
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།
2025ལོའི་ཟླ་9ཚེས་25ལ།
དཀར་ཆག
ལེའུ་དང་པོ། སྤྱིའི་རྩ་དོན།
ལེའུ་གཉིས་པ། རྨང་གཞིའི་ཐིག་རིས་ཀྱི་སྒྲིག་བཀོད།
ལེའུ་གསུམ་པ། རྨང་གཞིའི་ཐིག་རིས།
ལེའུ་བཞི་པ། ཐིག་རིས་ཀྱི་འོས་བབ་ཐོབ་ཐང་དང་ཐིག་རིས་ཁྲོམ་ར།
ལེའུ་ལྔ་པ། ཐིག་རིས་བཀོད་འབྲས་ཀྱི་དོ་དམ་དང་བཀོལ་སྤྱོད།
ལེའུ་དྲུག་པ། ལྟ་སྐུལ་དོ་དམ།
ལེའུ་བདུན་པ། བཅའ་ཁྲིམས་ཀྱི་འགན་འཁྲི།
ལེའུ་བརྒྱད་པ། ཞར་བྱུང་།
ལེའུ་དང་པོ། སྤྱིའི་རྩ་དོན།
དོན་ཚན་དང་པོ། ཐིག་རིས་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ཐིག་རིས་བྱ་གཞག་གོང་དུ་སྤེལ་བར་སྐུལ་འདེད་བཏང་སྟེ། ཐིག་རིས་བྱ་གཞག་གིས་དཔལ་འབྱོར་འཛུགས་སྐྲུན་དང་། རྒྱལ་སྲུང་འཛུགས་སྐྱོང་། སྤྱི་ཚོགས་གོང་འཕེལ། སྐྱེ་ཁམས་སྲུང་སྐྱོབ་བཅས་ལ་ཞབས་འདེགས་ཞུ་བར་འགན་སྲུང་བྱེད་པ་དང་། ས་ཁམས་ཆ་འཕྲིན་གྱི་བདེ་འཇགས་སྲུང་སྐྱོང་བྱ་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐིག་རིས་བཅའ་ཁྲིམས》དང《རྨང་གཞིའི་ཐིག་རིས་སྲོལ་ཡིག》སོགས་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གཞིར་བཟུང་། རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་སྲོལ་ཡིག་འདི་བཟོས་པ་ཡིན།
དོན་ཚན་གཉིས་པ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་ཐིག་རིས་དང་འབྲེལ་ཡོད་དོ་དམ་བྱེད་སྒོ་སྤེལ་སྐབས་སྲོལ་ཡིག་འདི་སྤྱད་ན་འཐུས།
དོན་ཚན་གསུམ་པ། ཐིག་རིས་བྱ་གཞག་འཕེལ་རྒྱས་གཏོང་བར་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་གཙོ་རྐང་དུ་བཟུང་ནས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞིའི་རང་བཞིན་གྱི་ནུས་པ་གང་ལེགས་འདོན་དགོས།
དོན་ཚན་བཞི་པ། ཐིག་རིས་ཀྱི་བྱེད་སྒོ་སྤེལ་བར་རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་ཐིག་རིས་ཀྱི་རྩ་བའི་ཚད་གཞི་དང་ཐིག་རིས་མ་ལག་ངེས་པར་དུ་སྤྱོད་དགོས་པ་དང་། རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་ཐིག་རིས་ལག་རྩལ་ཐད་ཀྱི་ཚད་འཛིན་དང་ཚད་གཞི་ལག་ལེན་བསྟར་དགོས།
དོན་ཚན་ལྔ་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་ཐིག་རིས་ལས་དོན་གྱི་འགོ་ཁྲིད་ལ་ངེས་པར་དུ་ཤུགས་སྣོན་བརྒྱབ་ནས། ཐིག་རིས་བྱ་གཞག་དེ་རིམ་པ་དེ་གའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་འགོད་ནང་འཇུག་དགོས་པ་དང་། རྨང་གཞིའི་ཐིག་རིས་ལས་དོན་ལ་མཁོ་བའི་འགྲོ་གྲོན་རྣམས་རིམ་པ་དེ་གའི་སྲིད་གཞུང་གི་སྔོན་རྩིས་ནང་འཇུག་དགོས།
དོན་ཚན་དྲུག་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་ཐིག་རིས་ས་ཁམས་ཆ་འཕྲིན་གཙོ་འགན་སྡེ་ཚན་གྱིས་སྲིད་འཛིན་ས་ཁོངས་དེ་གའི་ཐིག་རིས་ལས་དོན་ལ་གཅིག་གྱུར་ལྟ་སྐུལ་དོ་དམ་བྱེད་འགན་འཁུར་དགོས།
རྫོང་རིམ་ཡན་མི་དམངས་སྲིད་གཞུང་གི་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་དང་། འགྲིམ་འགྲུལ་སྐྱེལ་འདྲེན། ཆུ་བེད། ཞིང་ལས་གྲོང་གསེབ་སོགས་འབྲེལ་ཡོད་སྡེ་ཚན་གྱིས་འགན་བགོས་གཞིར་བཟུང་སྡེ་ཚན་དེ་གའི་འབྲེལ་ཡོད་ཐིག་རིས་ལས་དོན་སྒྲུབ་འགན་འཁུར་དགོས།
དོན་ཚན་བདུན་པ། རིམ་ཁག་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་རྒྱལ་ཁབ་ཀྱི་མངའ་ཁོངས་འདུ་ཤེས་འཛིན་ཕྱོགས་ཀྱི་དྲིལ་བསྒྲགས་སློབ་གསོ་སྤེལ་བར་ངེས་པར་དུ་ཤུགས་སྣོན་བརྒྱབ་ནས། སྤྱི་དམངས་ཀྱི་རྒྱལ་ཁབ་མངའ་ཁོངས་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་དགོས།
སློབ་གསོ་གཙོ་འགན་སྡེ་ཚན་དང་སློབ་གྲྭས་རྒྱལ་ཁབ་མངའ་ཁོངས་འདུ་ཤེས་འཛིན་ཕྱོགས་ཀྱི་སློབ་གསོ་དེ་སློབ་གྲྭ་འབྲིང་ཆུང་གི་སློབ་ཁྲིད་ནང་དོན་ཁོངས་སུ་ངེས་པར་དུ་བཅུག་ནས། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་དགོས།
གསར་འགྱུར་སྨྱན་སྦྱོར་སྡེ་ཚན་གྱིས་ཐབས་རྣམ་སྣ་ཚོགས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་མངའ་ཁོངས་འདུ་ཤེས་འཛིན་ཕྱོགས་ངེས་པར་དུ་དྲིལ་བསྒྲགས་བྱེད་དགོས།
དོན་ཚན་བརྒྱད་པ། རང་སྐྱོང་ལྗོངས་ཀྱིས་ཐིག་རིས་ཐད་ཀྱི་ཚན་རིག་ལག་རྩལ་གསར་གཏོད་དང་ཡར་ཐོན་ལ་སྐུལ་ལྕག་གཏོང་བ་དང་། ཐིག་རིས་ཁྱབ་ཁོངས་ཀྱི་དམག་དམངས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། ས་ཁམས་ཆ་འཕྲིན་གྱི་ཐོན་ཁུངས་མཉམ་སྐྲུན་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཐིག་རིས་ཀྱི་གྲུབ་འབྲས་བཀོལ་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས།
ལེའུ་གཉིས་པ། རྨང་གཞིའི་ཐིག་རིས་སྒྲིག་བཀོད།
དོན་ཚན་དགུ་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་བྱེད་ཐབས་སྤྱད་དེ་ཚད་ལེན་མཚོན་རྟགས་ལ་སྲུང་སྐྱོབ་དང་དོ་དམ་ལ་ངེས་པར་དུ་ཤུགས་སྣོན་རྒྱག་དགོས།
རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཐིག་རིས་ས་ཁམས་ཆ་འཕྲིན་གཙོ་འགན་སྡེ་ཚན་གྱིས་རྒྱལ་ཡོངས་ཀྱི་ཚད་ལེན་མཚོན་རྟགས་ཉམས་བཟོའི་འཆར་འགོད་གཞིར་བཟུང་། སྲིད་འཛིན་ས་ཁོངས་དེ་གའི་ནང་གི་རྒྱལ་ཁབ་དང་དེ་བཞིན་རང་སྐྱོང་ལྗོངས་ཀྱིས་བཙུགས་པའི་ཚད་ལེན་མཚོན་རྟགས་ཡོངས་བཤེར་དང་ཉམས་བཟོའི་འཆར་གཞི་ངེས་པར་དུ་བཟོ་དགོས་པ་མ་ཟད། འབྲེལ་ཡོད་སྡེ་ཚན་དང་ཚན་པ་སྒྲིག་འཛུགས་མཐུན་སྦྱོར་བྱས་ནས་གཅིག་གྱུར་ཐོག་ལག་བསྟར་བྱེད་དགོས། ཡོངས་བཤེར་གྱི་དུས་འཁོར་སྤྱིར་ན་ལོ་ལྔ་ལས་བརྒལ་མི་ཆོག
ཆུད་བཙུགས་པའི་གྲོང་ཁྱེར(ས་ཁུལ)དང་རྫོང(ཆུད་དང་གྲོང་ཁྱེར)མི་དམངས་སྲིད་གཞུང་ཐིག་རིས་ས་ཁམས་ཆ་འཕྲིན་གཙོ་འགན་སྡེ་ཚན་གྱིས་ས་ཁུལ་དེ་གའི་གནས་ཚུལ་དངོས་ལ་གཞིགས་ནས་ཐིག་ལེན་མཚོན་རྟགས་ཡོངས་བཤེར་དང་ཉམས་བཟོའི་འཆར་གཞི་བཟོ་ཆོག་པ་མ་ཟད། འབྲེལ་ཡོད་སྡེ་ཚན་དང་ཚན་པ་སྒྲིག་འཛུགས་མཐུན་སྦྱོར་བྱས་ནས་གཅིག་གྱུར་ཐོག་ལག་བསྟར་བྱེད་དགོས།
དོན་ཚན་བཅུ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཐིག་རིས་ས་ཁམས་ཆ་འཕྲིན་གཙོ་འགན་སྡེ་ཚན་གྱིས་རིམ་པ་དེ་གའི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་གཅིག་གྱུར་འཆར་འགོད་ཀྱིས་འཛུགས་སྐྲུན་དང་ཐོན་ཁུངས་མཉམ་སྤྱོད་བྱེད་པའི་རྩ་དོན་གཞིར་བཟུང་། གཅིག་གྱུར་གྱི་སྲུང་སྐར་ཕྱོགས་སྟོན་ངེས་གནས་ཀྱི་རྩ་བའི་ཚད་གཞིའི་ཞབས་ཞུའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། ཕྱོགས་སྟོན་ངེས་གནས་ཀྱི་རྩ་བའི་ཚད་གཞིའི་ཆ་འཕྲིན་གྱི་སྤྱི་པའི་ཞབས་ཞུ་ངེས་པར་དུ་སྒྲུབ་དགོས།
ནོར་སྲིད་ཀྱིས་མ་དངུལ་བཏང་ནས་བསྐྲུན་པའི་སྲུང་སྐར་ཕྱོགས་སྟོན་ངེས་གནས་ཀྱི་རྩ་བའི་ཚད་གཞིའི་ས་ཚིགས་དེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་འཛུགས་སྐྲུན་གྱི་བླང་བྱ་དང་མཐུན་ཚེ། གཅིག་གྱུར་གྱི་སྲུང་སྐར་ཕྱོགས་སྟོན་ངེས་གནས་ཀྱི་རྩ་བའི་ཚད་གཞིའི་ཞབས་ཞུའི་མ་ལག་ཁོངས་སུ་ངེས་པར་དུ་འཇུག་དགོས།
དོན་ཚན་བཅུ་གཅིག་པ། སྲུང་སྐར་ཕྱོགས་སྟོན་ངེས་གནས་ཀྱི་རྩ་བའི་ཚད་གཞིའི་ས་ཚིགས་འཛུགས་སྐྲུན་བྱེད་པར་སྙན་དཔོད་ལམ་ལུགས་ལག་བསྟར་བྱེད་དགོས།
སྲུང་སྐར་ཕྱོགས་སྟོན་ངེས་གནས་ཀྱི་རྩ་བའི་ཚད་གཞིའི་ས་ཚིགས་གསར་སྐྲུན་དང་། སྒྱུར་སྐྲུན། རྒྱས་སྐྲུན་བཅས་བྱེད་དགོས་ཚེ། འཛུགས་སྐྲུན་ཚན་པས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐིག་རིས་ས་ཁམས་ཆ་འཕྲིན་གཙོ་འགན་སྡེ་ཚན་ནམ་ཡང་ན་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཐིག་རིས་ས་ཁམས་ཆ་འཕྲིན་གཙོ་འགན་སྡེ་ཚན་ལ་ངེས་པར་དུ་སྙན་དཔོད་ཞུ་དགོས་པ་མ་ཟད། སྙན་དཔོད་ཆ་འཕྲིན་གཞིར་བཟུང་འཛུགས་སྐྲུན་དང་། འཁོར་སྐྱོད་སྲུང་སྐྱོང་། ཞབས་ཞུ་བཅས་བྱེད་དགོས།
སྲུང་སྐར་ཕྱོགས་སྟོན་ངེས་གནས་ཀྱི་རྩ་བའི་ཚད་གཞིའི་ས་ཚིགས་འཛུགས་སྐྲུན་དང་། འཁོར་སྐྱོད་སྲུང་སྐྱོང་། ཞབས་ཞུ་བཅས་བྱེད་སྐབས་འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་། ཚད་གཞི་དང་དཔེ་ཚད། གསང་སྲུང་གཏན་འབེབས་སོགས་ཀྱི་བླང་བྱ་དང་ངེས་པར་དུ་མཐུན་དགོས་པ་ལས། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་མི་ཆོག
དོན་ཚན་བཅུ་གཉིས་པ། ནོར་སྲིད་ཀྱིས་མ་དངུལ་བཏང་ནས་བསྐྲུན་པའི་ཡུན་གནས་རང་བཞིན་གྱི་ཚད་ལེན་མཚོན་རྟགས་དང་སྲུང་སྐར་ཕྱོགས་སྟོན་ངེས་གནས་ཀྱི་རྩ་བའི་ཚད་གཞིའི་ས་ཚིགས་སོགས་ཀྱི་སྒྲིག་བཀོད་རིགས་ལ། འཛུགས་སྐྲུན་སྡེ་ཚན་གྱིས་ས་གནས་དེ་གའི་འབྲེལ་ཡོད་སྡེ་ཚན་ནམ་མི་སྣར་ཉར་ཚགས་དོ་དམ་བྱེད་འགན་འཁུར་རྒྱུའི་མངགས་བཅོལ་བྱས་ནས། ཉར་ཚགས་དོ་དམ་གྱི་མངགས་བཅོལ་གྲོས་མཐུན་ངེས་པར་དུ་འཇོག་དགོས་པ་མ་ཟད། ས་གནས་དེ་གའི་ཤང(གྲོང་རྡལ)མི་དམངས་སྲིད་གཞུང་དང་། ཁྲོམ་གཞུང་དོན་གཅོད་ཁང་། རྫོང་རིམ་ཡན་མི་དམངས་སྲིད་གཞུང་བཅས་ཀྱི་ཐིག་རིས་ས་ཁམས་ཆ་འཕྲིན་གཙོ་འགན་སྡེ་ཚན་ལ་འདྲ་བཤུས་འབུལ་གཏོང་བྱེད་དགོས།
དོན་ཚན་བཅུ་གསུམ་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་ཐིག་རིས་ས་ཁམས་ཆ་འཕྲིན་གཙོ་འགན་སྡེ་ཚན་གྱིས་ས་ཁམས་ཆ་འཕྲིན་གྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས་སོགས་ས་ཁམས་བར་མཐོངས་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་འཁོར་སྐྱོད་སྲུང་སྐྱོང་ལ་ངེས་པར་དུ་ཤུགས་སྣོན་བརྒྱབ་ནས་ཐིག་རིས་ས་ཁམས་ཆ་འཕྲིན་གྱི་སྤྱི་པའི་ཞབས་ཞུ་སྒྲུབ་དགོས།
རྫོང་རིམ་ཡན་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་བཟོས་པའི་ཆ་འཕྲིན་ཅན་གྱི་མ་ལག་དེ་ས་ཁམས་ཆ་འཕྲིན་དང་འབྲེལ་བ་ཡོད་ཚེ། ས་ཁམས་ཆ་འཕྲིན་གྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས་སོགས་ས་ཁམས་བར་མཐོངས་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་ལ་བརྟེན་ནས་ས་ཁམས་ཆ་འཕྲིན་གྱི་གྲངས་གཞི་ངེས་པར་དུ་སྤྱོད་དགོས།
དོན་ཚན་བཅུ་བཞི་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་ཐིག་རིས་ས་ཁམས་ཆ་འཕྲིན་གཙོ་འགན་སྡེ་ཚན་གྱིས་འབྲེལ་ཡོད་གཏན་འབེབས་ལྟར་ས་ཁམས་ཆ་འཕྲིན་གྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས་ལ་བརྟེན་ནས་འཕྲལ་མར་རྨང་གཞིའི་ཐིག་རིས་སྒྲིག་བཀོད་འཛུགས་སྐྲུན་བྱས་ཚུལ་དང་ཁྱབ་སྟངས་ཆ་འཕྲིན་ངེས་པར་དུ་ཁྱབ་བསྒྲགས་བྱེད་དགོས།
དོན་ཚན་བཅོ་ལྔ་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་ཐིག་རིས་ས་ཁམས་ཆ་འཕྲིན་གཙོ་འགན་སྡེ་ཚན་གྱིས་འབྲེལ་ཡོད་གཏན་འབེབས་ལྟར་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་རྨང་གཞིའི་ཐིག་རིས་སྒྲིག་བཀོད་ལ་ཞིབ་བཤེར་བྱ་རྒྱུ་ངེས་པར་དུ་སྒྲིག་འཛུགས་བྱེད་དགོས་པ་དང་། ཡིག་ཚགས་བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་མ་ཟད། ཚན་པའམ་ཡང་ན་ཆེད་བསྐོས་མི་སྣ་མངགས་ནས་ཉར་ཚགས་བྱེད་དགོས།
རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཐིག་རིས་ས་ཁམས་ཆ་འཕྲིན་གཙོ་འགན་སྡེ་ཚན་གྱིས་རྒྱལ་ཁབ་དང་དེ་བཞིན་རང་སྐྱོང་ལྗོངས་ནས་བཙུགས་པའི་རྨང་གཞིའི་ཐིག་རིས་སྒྲིག་བཀོད་ལ་ཞིབ་བཤེར་དང་སྲུང་སྐྱོབ་བྱ་རྒྱུའི་སྒྲིག་འཛུགས་བྱེད་འགན་འཁུར་དགོས་པ་དང་། ཆུད་བཙུགས་པའི་གྲོང་ཁྱེར(ས་ཁུལ)དང་རྫོང(ཆུད་དང་གྲོང་ཁྱེར)མི་དམངས་སྲིད་གཞུང་ཐིག་རིས་ས་ཁམས་ཆ་འཕྲིན་གཙོ་འགན་སྡེ་ཚན་གྱིས་རིམ་པ་དེ་གས་བཙུགས་པའི་རྨང་གཞིའི་ཐིག་རིས་སྒྲིག་བཀོད་ལ་ཞིབ་བཤེར་དང་སྲུང་སྐྱོང་བྱ་རྒྱུའི་སྒྲིག་འཛུགས་བྱེད་འགན་འཁུར་དགོས།
ཤང(གྲོང་རྡལ)མི་དམངས་སྲིད་གཞུང་དང་ཁྲོམ་གཞུང་དོན་གཅོད་ཁང་གིས་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་རྨང་གཞིའི་ཐིག་རིས་སྒྲིག་བཀོད་སྲུང་སྐྱོབ་བྱེད་པའི་ལས་དོན་ངེས་པར་དུ་ཡག་པོ་སྒྲུབ་དགོས།
དོན་ཚན་བཅུ་དྲུག་པ། ཚན་པ་གང་དང་མི་སུ་ཞིག་ཡིན་རུང་རྨང་གཞིའི་ཐིག་རིས་སྒྲིག་བཀོད་བཙན་བཟུང་དང་། གཏོར་སྐྱོན། བཤིག་པ་བཅས་སམ་ཡང་ན་རང་འཚམ་གྱིས་གནས་སྤོ་བྱེད་མི་ཆོག་ལ། རྨང་གཞིའི་ཐིག་རིས་སྒྲིག་བཀོད་ཀྱི་བདེ་འཇགས་དང་སྤྱོད་ནུས་ལ་གནོད་པའི་བྱེད་སྒོའང་སྤེལ་མི་ཆོག རྨང་གཞིའི་ཐིག་རིས་སྒྲིག་བཀོད་ལ་གཏོར་སྐྱོན་ཕོག་ཚེ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་ཐིག་རིས་ས་ཁམས་ཆ་འཕྲིན་གཙོ་འགན་སྡེ་ཚན་གྱིས་དུས་ཐོག་ཏུ་བྱ་ཐབས་སྤྱད་དེ་ཉམས་གསོ་དང་བསྐྱར་སྐྲུན་བྱེད་དུ་བཅུག་ནས་རྨང་གཞིའི་ཐིག་རིས་སྒྲིག་བཀོད་ཀྱི་སྤྱོད་ནུས་ཐོན་ཐུབ་པར་བྱེད་དགོས།
ཚན་པ་གང་དང་མི་སུ་ཞིག་ཡིན་རུང་རྨང་གཞིའི་ཐིག་རིས་སྒྲིག་བཀོད་བཙན་བཟུང་དང་། གཏོར་སྐྱོན། བཤིག་པ་བཅས་སམ་ཡང་ན་རང་འཚམ་གྱིས་གནས་སྤོ་བྱས་པ་ཤེས་རྟོགས་བྱུང་ཚེ། དེར་བཀག་འགོག་བྱེད་དབང་ཡོད་པ་མ་ཟད། འཕྲལ་མར་སྒྲིག་བཀོད་གནས་སའི་ཤང(གྲོང་རྡལ)མི་དམངས་སྲིད་གཞུང་དང་། ཁྲོམ་གཞུང་དོན་གཅོད་ཁང་ངམ་ཡང་ན་རྫོང་རིམ་ཡན་མི་དམངས་སྲིད་གཞུང་ཐིག་རིས་ས་ཁམས་ཆ་འཕྲིན་གཙོ་འགན་སྡེ་ཚན་ལ་སྙན་སེང་ཞུ་དགོས།
བཙུགས་ཟིན་པའི་རྨང་གཞིའི་ཐིག་རིས་སྒྲིག་བཀོད་ལ་སྤྱོད་པའི་ས་ཆ་དང་སྤྱོད་ནུས་ལ་སྐྱོན་རྒྱག་ཉེན་ཡོད་པའི་རྣམ་གྲངས་རིགས་ལ་འབྲེལ་ཡོད་སྡེ་ཚན་གྱིས་འཆར་འགོད་དང་ཞིབ་མཆན་མ་བཀོད་གོང་། ངེས་པར་དུ་རིམ་པ་དེ་གའི་ཐིག་རིས་ས་ཁམས་ཆ་འཕྲིན་གཙོ་འགན་སྡེ་ཚན་གྱི་བསམ་འཆར་བསྡུ་ལེན་བྱེད་དགོས།
ལེའུ་གསུམ་པ། རྨང་གཞིའི་ཐིག་རིས།
དོན་ཚན་བཅུ་བདུན་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་ཐིག་རིས་ས་ཁམས་ཆ་འཕྲིན་གཙོ་འགན་སྡེ་ཚན་གྱིས་རིམ་པ་དེ་གའི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ། རྒྱལ་ཁབ་དང་རང་ལས་རིམ་པ་གཅིག་གིས་མཐོ་བའི་མི་དམངས་སྲིད་གཞུང་གི་རྨང་གཞིའི་ཐིག་རིས་འཆར་འགོད་དང་སྲིད་འཛིན་ས་ཁོངས་དེ་གའི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་སྲིད་འཛིན་ས་ཁོངས་དེ་གའི་རྨང་གཞིའི་ཐིག་རིས་འཆར་འགོད་བཟོ་སྒྲིག་ངེས་པར་དུ་བྱེད་དུ་འཇུག་དགོས་མ་ཟད། རིམ་པ་དེ་གའི་མི་དམངས་སྲིད་གཞུང་ལ་ཆོག་མཆན་ཞུས་རྗེས་སྒྲིག་འཛུགས་ལག་བསྟར་བྱེད་དགོས།
རྫོང་རིམ་ཡན་མི་དམངས་སྲིད་གཞུང་འཕེལ་སྒྱུར་སྡེ་ཚན་གྱིས་རིམ་མཚུངས་མི་དམངས་སྲིད་གཞུང་ཐིག་རིས་ས་ཁམས་ཆ་འཕྲིན་གཙོ་འགན་སྡེ་ཚན་དང་མཉམ་དུ། སྲིད་འཛིན་ས་ཁོངས་དེ་གའི་རྨང་གཞིའི་ཐིག་རིས་འཆར་འགོད་གཞིར་བཟུང་རྨང་གཞིའི་ཐིག་རིས་ཀྱི་ལོ་འཁོར་འཆར་གཞི་བཟོ་དགོས་པ་མ་ཟད། རང་ལས་རིམ་པ་གཅིག་གིས་མཐོ་བའི་གཙོ་འགན་སྡེ་ཚན་ཁག་སོ་སོར་སྙན་དཔོད་ཞུ་དགོས།
དོན་ཚན་བཅོ་བརྒྱད་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཐིག་རིས་ས་ཁམས་ཆ་འཕྲིན་གཙོ་འགན་སྡེ་ཚན་གྱིས་གཤམ་གསལ་རྨང་གཞིའི་ཐིག་རིས་རྣམ་གྲངས་ལག་བསྟར་དང་སྒྲིག་འཛུགས་བྱེད་འགན་འཁུར་དགོས་པ་སྟེ།
(གཅིག) རང་སྐྱོང་ལྗོངས་སུ་གཅིག་གྱུར་ཡིན་པའི་ལེབ་ངོས་ཚོད་འཛིན་དྲ་རྒྱ་དང་། མཐོ་ཚད་ཚོད་འཛིན་དྲ་རྒྱ། དེང་རབས་བར་མཐོངས་ངེས་གནས་ཀྱི་རྨང་གཞིའི་སྒྲོམ་གཞི་སོགས་བཟོ་འཛུགས་དང་། བསྐྱར་དུ་ཚད་ལེན། སྲུང་སྐྱོང་བཅས་བྱེད་དགོས་པ་དང་།
(གཉིས) རང་སྐྱོང་ལྗོངས་རིམ་པའི་རྨང་གཞིའི་ས་ཁམས་ཆ་འཕྲིན་གྱི་རྒྱང་ཚོར་བརྙན་རིས་གཞི་གྲངས་གཅིག་གྱུར་འཆར་འགོད་ཐོག་བསྡུ་ལེན་དང་། ཐག་གཅོད། འགྲེམས་སྤྲོད་བཅས་བྱེད་དགོས་པ།
(གསུམ) ལྗོངས་ཡོངས་ཀྱི་1:10000དང་1:5000གི་རྒྱལ་ཁབ་ཀྱི་གཞི་རྩའི་བསྡུར་ཁྲེའི་ས་ཁྲ་དང་། བརྙན་རིས། གྲངས་འཛིན་ཅན་གྱི་ཐོན་རྫས་བཅས་ཚད་ལེན་བཟོ་འདོན་དང་གསར་སྒྱུར་བྱེད་དགོས་པ།
(བཞི) རང་སྐྱོང་ལྗོངས་ཀྱི་དངོས་ལྗོངས་རྩ་གསུམ་གྱི་གཞི་གྲངས་ཐོ་མཛོད་དང་ས་ཁམས་ཆ་འཕྲིན་གྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས་བཟོ་འཛུགས་དང་། སྲུང་སྐྱོང་། གསར་སྒྱུར་བཅས་བྱེད་དགོས་པ།
(ལྔ) ལྗོངས་ཡོངས་ཀྱི་སྣ་མང་ས་ཁྲ་ཕྱོགས་བསྒྲིགས(དེབ)དང་། ཚད་ལྡན་ས་ཁྲ། སྲིད་དོན་ཞབས་ཞུའི་ས་ཁྲ་ཕྱོགས་བསྒྲིགས(དེབ)སོགས་སྤྱི་ཕན་རང་བཞིན་གྱི་ས་ཁྲ་བཟོ་འགོད་སྒྲིག་འཛུགས་བྱེད་དགོས་པ།
(དྲུག) རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐིག་རིས་ས་ཁམས་ཆ་འཕྲིན་གཙོ་འགན་སྡེ་ཚན་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་རྨང་གཞིའི་ཐིག་རིས་རྣམ་གྲངས་གཞན་དག་བཅས་སོ།
དོན་ཚན་བཅུ་དགུ་པ། ཆུད་བཙུགས་པའི་གྲོང་ཁྱེར(ས་ཁུལ)དང་རྫོང(ཆུད་དང་གྲོང་ཁྱེར)མི་དམངས་སྲིད་གཞུང་ཐིག་རིས་ས་ཁམས་ཆ་འཕྲིན་གཙོ་འགན་སྡེ་ཚན་གྱིས་གཤམ་གསལ་རྨང་གཞིའི་ཐིག་རིས་རྣམ་གྲངས་ལག་བསྟར་དང་སྒྲིག་འཛུགས་བྱེད་འགན་འཁུར་དགོས་པ་སྟེ།
(གཅིག) སྲིད་འཛིན་ས་ཁོངས་དེ་གའི་ནང་གི་ལེབ་ངོས་ཚོད་འཛིན་དྲ་རྒྱ་དང་། མཐོ་ཚད་ཚོད་འཛིན་དྲ་རྒྱ། དེང་རབས་བར་མཐོངས་ངེས་གནས་ཀྱི་རྨང་གཞིའི་སྒྲོམ་གཞི་སོགས་གསང་སྡོམ་དང་། བསྐྱར་དུ་ཚད་ལེན། སྲུང་སྐྱོང་བཅས་བྱེད་དགོས་པ་དང་།
(གཉིས) རང་སྐྱོང་ལྗོངས་རིམ་པ་ཕུད་པའི་རྨང་གཞིའི་ས་ཁམས་ཆ་འཕྲིན་གྱི་རྒྱང་ཚོར་བརྙན་རིས་གཞི་གྲངས་གཅིག་གྱུར་འཆར་འགོད་ཐོག་བསྡུ་ལེན་ དང་། ཐག་གཅོད། འགྲེམས་སྤྲོད་བཅས་བྱེད་དགོས་པ།
(གསུམ) རིམ་པ་དེ་གའི་1:2000དང་། 1:1000 1:500ཡི་རྒྱལ་ཁབ་ཀྱི་གཞི་རྩའི་བསྡུར་ཁྲེའི་ས་ཁྲ་དང་། བརྙན་རིས། གྲངས་འཛིན་ཅན་གྱི་ཐོན་རྫས་བཅས་ཚད་ལེན་བཟོ་འདོན་དང་གསར་སྒྱུར་བྱེད་དགོས་པ།
(བཞི) རང་སྐྱོང་ལྗོངས་ཀྱི་དངོས་ལྗོངས་རྩ་གསུམ་གྱི་གཞི་གྲངས་ཐོ་མཛོད་དང་ས་ཁམས་ཆ་འཕྲིན་གྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས་གསར་སྒྱུར་ལ་གཞོགས་འདེགས་བྱས་ཏེ། སྲིད་འཛིན་ས་ཁོངས་དེ་གའི་དངོས་ལྗོངས་རྩ་གསུམ་གྱི་གཞི་གྲངས་ཐོ་མཛོད་དང་ས་ཁམས་ཆ་འཕྲིན་གྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས་བཟོ་འཛུགས་དང་། སྲུང་སྐྱོང་། གསར་སྒྱུར་བཅས་བྱེད་དགོས་པ།
(ལྔ) གོང་རིམ་མི་དམངས་སྲིད་གཞུང་ཐིག་རིས་ས་ཁམས་ཆ་འཕྲིན་གཙོ་འགན་སྡེ་ཚན་དང་རིམ་མཚུངས་མི་དམངས་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་རྨང་གཞིའི་ཐིག་རིས་རྣམ་གྲངས་གཞན་དག་བཅས་སོ།
དོན་ཚན་ཉི་ཤུ་པ། རྨང་གཞིའི་ཐིག་རིས་བཀོད་འབྲས་ལ་དུས་བཀག་ལྟར་གསར་སྒྱུར་ལམ་ལུགས་ལག་བསྟར་བྱེད་དགོས།
རྨང་གཞིའི་ཐིག་རིས་བཀོད་འབྲས་ཀྱི་གསར་སྒྱུར་བྱེད་ཡུན་ལོ་ལྔ་ནས་བརྒལ་རྒྱུ་མེད་ཅིང་། དེའི་ནང་གྲོང་ཁྱེར་གྱི་འཛུགས་སྐྲུན་ཟིན་པའི་ཁུལ་དང་རྫོང(ཆུད་དང་གྲོང་ཁྱེར)མི་དམངས་སྲིད་གཞུང་གནས་སའི་གྲོང་རྡལ་དང་དེ་བཞིན་མཐའ་འཁོར་ས་ཁོངས་སུ་གསར་སྒྱུར་བྱེད་ཡུན་ལོ་གསུམ་ནས་བརྒལ་མི་ཆོག་པ་དང་། རང་བྱུང་གནོད་འཚེ་ཐོན་རྟག་པའི་ས་ཁུལ་དང་། དཔལ་འབྱོར་འཛུགས་སྐྲུན། རྒྱལ་སྲུང་འཛུགས་སྐྲུན། སྤྱི་ཚོགས་གོང་འཕེལ། སྐྱེ་ཁམས་སྲུང་སྐྱོབ་བཅས་ལ་འཕྲལ་མཁོ་ཆེ་བའི་རྨང་གཞིའི་ཐིག་རིས་བཀོད་འབྲས་ངེས་པར་དུ་འཕྲལ་མར་གསར་སྒྱུར་བྱེད་དགོས།
རྫོང་རིམ་ཡན་མི་དམངས་སྲིད་གཞུང་ཐིག་རིས་ས་ཁམས་ཆ་འཕྲིན་གཙོ་འགན་སྡེ་ཚན་གྱིས་འབྲེལ་ཡོད་སྲིད་འཛིན་ས་ཁོངས་ཀྱི་མཚམས་ཐིག་དང་། ས་མིང་གནས་ས། འགྲིམ་འགྲུལ། ཆུ་རྒྱུད། གློག་ཤུགས། འཕྲིན་གཏོང་། སྔོ་ཁེབས། ཡུལ་མིའི་སྡོད་གནས། འཕྲོད་བསྟེན། སློབ་གསོ་སོགས་དང་འབྲེལ་བ་ཡོད་པའི་ད་ལྟའི་གནས་སྟངས་ཀྱི་དཔྱད་ཡིག་དང་ཆ་འཕྲིན་ངེས་པར་དུ་འཕྲལ་མར་བསྡུ་རུབ་བྱེད་དགོས་པ་དང་། འབྲེལ་ཡོད་སྡེ་ཚན་དང་ཚན་པས་དེར་རྒྱབ་སྐྱོར་དང་གཞོགས་འདེགས་ངེས་པར་དུ་བྱེད་དགོས།
དོན་ཚན་ཉེར་གཅིག་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཐིག་རིས་ས་ཁམས་ཆ་འཕྲིན་གཙོ་འགན་སྡེ་ཚན་གྱིས་ནོར་སྲིད་ཀྱིས་མ་དངུལ་བཏང་ནས་ཐོབ་པའི་སྲུང་སྐར་རྒྱང་ཚོར་བརྙན་པར་གྱི་གཞི་གྲངས་དང་། སྲུང་སྐར་ཕྱོགས་སྟོན་ངེས་གནས་ཀྱི་རྩ་བའི་ཚད་གཞིའི་ས་ཚུགས་ཀྱི་གཞི་གྲངས་ལ་གཅིག་གྱུར་འཆར་འགོད་ཀྱིས་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ། སྲུང་སྐར་རྒྱང་ཚོར་བརྙན་པར་གྱི་གཞི་གྲངས་དང་སྲུང་སྐར་ཕྱོགས་སྟོན་ངེས་གནས་ཀྱི་རྩ་བའི་ཚད་གཞིའི་ས་ཚུགས་གཞི་གྲངས་ཀྱི་གཅིག་འདོམས་དཀར་ཆག་ངེས་པར་དུ་དུས་བཀག་ལྟར་བཟོ་སྒྲིག་དང་ཁྱབ་བསྒྲགས་བྱེད་དགོས།
དགོས་མཁོ་ཡོད་པའི་གཞི་གྲངས་དེ་སྲུང་སྐར་རྒྱང་ཚོར་བརྙན་པར་གཞི་གྲངས་ཀྱི་གཅིག་འདོམས་དཀར་ཆག་ནང་འཇུག་དགོས་ཚེ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཐིག་རིས་ས་ཁམས་ཆ་འཕྲིན་གཙོ་འགན་སྡེ་ཚན་གྱིས་གཅིག་གྱུར་ཐོག་ཉོ་སྒྲུབ་དང་། ཐག་གཅོད། སྤུས་བཤེར་བཅས་བྱ་རྒྱུ་དང་། གྲུབ་འབྲས་མཉམ་སྤྱོད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་ལྗོངས་ཡོངས་ཀྱི་རྒྱང་ཚོར་བཀོལ་སྤྱོད་སྡེ་ཚན་ལ་བརྒྱུད་སྤྲོད་བྱས་ནས་གྲུབ་འབྲས་ལེགས་བསྡུས་ཐོག་མཉམ་སྤྱོད་ཐུབ་པར་བྱེད་དགོས། དགོས་མཁོ་ཡོད་པའི་གཞི་གྲངས་དེ་སྲུང་སྐར་རྒྱང་ཚོར་བརྙན་པར་གཞི་གྲངས་ཀྱི་གཅིག་འདོམས་དཀར་ཆག་ནང་བཅུག་མེད་ཚེ། འབྲེལ་ཡོད་སྡེ་ཚན་དང་ཚན་པས་ལས་ཀའི་དགོས་མཁོ་བཞིན་རང་སོ་སོས་ཉོ་སྒྲུབ་དང་ཐོན་སྐྱེད་བྱ་རྒྱུའི་བཀོད་སྒྲིག་བྱས་ཆོག་པ་མ་ཟད། འབྲེལ་ཡོད་གཏན་འབེབས་ལྟར་ཐིག་རིས་བཀོད་འབྲས་ཀྱི་འདྲ་བཤུས་དཔྱད་ཡིག་གམ་ཡང་ན་གྲུབ་འབྲས་ཀྱི་དཀར་ཆག་ཕྱོགས་བསྡུས་འབུལ་གཏོང་བྱེད་དགོས།
དོན་ཚན་ཉེར་གཉིས་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་ཐིག་རིས་ས་ཁམས་ཆ་འཕྲིན་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་འཕྲལ་སྡོམ་ཐིག་རིས་ཀྱི་འགན་སྲུང་ལམ་སྲོལ་དང་འཕྲལ་སྡོམ་ཐིག་རིས་ཀྱི་འགན་སྲུང་སྔོན་ཇུས་བཟོས་ཏེ། ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པའི་ལས་ཀའི་དགོས་མཁོ་གཞིར་བཟུང་། ས་ཁྲ་དང་རྨང་གཞིའི་ས་ཁམས་ཆ་འཕྲིན་གྱི་གཞི་གྲངས་སོགས་ཐིག་རིས་བཀོད་འབྲས་དུས་ཐོག་ཏུ་མཁོ་འདོན་བྱེད་དགོས་པ་དང་། རྒྱང་ཚོར་ལྟ་དཔྱད་དང་། ཕྱོགས་སྟོན་ངེས་གནས། རྨང་གཞིའི་ཐིག་རིས་སོགས་འཕྲལ་སྡོམ་ཐིག་རིས་ཀྱི་འགན་སྲུང་ལས་དོན་ཡག་པོ་སྒྲུབ་དགོས།
ལེའུ་བཞི་པ། ཐིག་རིས་ཀྱི་འོས་བབ་ཐོབ་ཐང་དང་ཐིག་རིས་ཁྲོམ་ར།
དོན་ཚན་ཉེར་གསུམ་པ། ཐིག་རིས་བྱེད་སྒོ་སྤེལ་མཁན་ཚན་པས་ངེས་པར་དུ་ཁྲིམས་བཞིན་ཐིག་རིས་འོས་བབ་ལག་ཁྱེར་ཐོབ་པ་བྱེད་དགོས་ལ། དེ་མཚུངས་ཀྱི་འོས་བབ་རིམ་པའི་ཆོག་འཐུས་ཁྱབ་ཁོངས་ནང་ཐིག་རིས་བྱེད་སྒོ་སྤེལ་དགོས།
རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཐིག་རིས་ས་ཁམས་ཆ་འཕྲིན་གཙོ་འགན་སྡེ་ཚན་གྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཐིག་རིས་འོས་བབ་ལ་ཞིབ་མཆན་དོ་དམ་བྱེད་འགན་འཁུར་དགོས།
ཐིག་རིས་འོས་བབ་ཐོབ་མཁན་ཚན་པས་མིང་དང་། ཐོ་འགོད་བྱེད་གནས་སམ་ཡང་ན་ཁྲིམས་བཀོད་འཐུས་ཚབ་པ་བཅས་འགྱུར་ལྡོག་གཏོང་དགོས་ཚེ། ངེས་པར་དུ་འགྱུར་ལྡོག་གཏོང་རྒྱུའི་ཐོ་འགོད་རེ་ཞུ་བྱེད་དགོས་པ་དང་། འོས་བབ་ཆ་རྐྱེན་ལ་ཤུགས་རྐྱེན་ཐེབས་ཉེན་ཡོད་པའི་ཆེད་ལས་ལག་རྩལ་པའམ་ཡང་ན་ལག་རྩལ་སྒྲིག་ཆས་འགྱུར་ལྡོག་བྱུང་ཚེ། ངེས་པར་དུ་འབྲེལ་ཡོད་ཆ་འཕྲིན་གསར་སྒྱུར་བྱེད་རེ་ཞུ་དགོས།
དོན་ཚན་ཉེར་བཞི་པ། ཐིག་རིས་བྱེད་སྒོ་སྤེལ་མཁན་ཆེད་ལས་ལག་རྩལ་མི་སྣར་དེ་མཚུངས་ཀྱི་ལས་གཉེར་ཐོབ་ཐང་གི་ཆ་རྐྱེན་ངེས་པར་དུ་འཛོམས་དགོས་པ་མ་ཟད། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཐིག་རིས་ལས་གཉེར་བྱེད་སྒོ་སྤེལ་དགོས།
དོན་ཚན་ཉེར་ལྔ་པ། ཐིག་རིས་བྱེད་སྒོ་སྤེལ་དགོས་ཚེ། ཐིག་རིས་འགོད་མཁན་ལ་ངེས་པར་དུ་ཐིག་རིས་ལས་ཀ་གཉེར་ཆོག་པའི་ལག་ཁྱེར་ཡོད་དགོས།
རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཐིག་རིས་ས་ཁམས་ཆ་འཕྲིན་གཙོ་འགན་སྡེ་ཚན་གྱིས་ཐིག་རིས་ལས་ཀའི་ལག་ཁྱེར་རེ་ཞུ་བདག་སྤྲོད་དང་། ཞིབ་དཔྱད། སྤྲོད་འགྲེམས་བཅས་ཀྱི་ལས་ཀ་བྱེད་འགན་འཁུར་རྒྱུ་དང་། དགོས་མཁོ་གཞིར་བཟུང་ཆུད་བཙུགས་པའི་གྲོང་ཁྱེར(ས་ཁུལ)མི་དམངས་སྲིད་གཞུང(སྲིད་འཛིན་ཀུང་ཧྲུའུ)གི་ཐིག་རིས་ས་ཁམས་ཆ་འཕྲིན་གཙོ་འགན་སྡེ་ཚན་ལ་འགན་འཁུར་རྒྱུའི་མངགས་བཅོལ་བྱས་ན་འགྲིག
དོན་ཚན་ཉེར་དྲུག་པ། ཐིག་རིས་རྣམ་གྲངས་ལ་འོས་སྐུལ་འོས་དཔོད་བྱེད་དགོས་པའམ་ཡང་ན་སྲིད་གཞུང་གིས་ཉོ་སྒྲུབ་བྱེད་དགོས་ཚེ། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་ངེས་པར་དུ་སྒྲུབ་དགོས།
འགན་གཙང་བླངས་པའི་ཐིག་རིས་རྣམ་གྲངས་རིགས་ལ་ཐིག་རིས་འགོད་མཁན་ཚན་པས་འགན་གཙང་བརྒྱུད་བཤུག་བྱེད་མི་ཆོག་ལ། ཁ་ཕྲལ་ཏེ་ཆ་གསེས་འགན་གཙང་ལེན་པའི་མིང་ཐོག་ནས་འགན་གཙང་བརྒྱུད་བཤུག་བྱེད་མི་ཆོག
ཐིག་རིས་འགོད་མཁན་ཚན་པས་ཐིག་རིས་རྣམ་གྲངས་ནང་གི་གཙོ་རྐང་མིན་པ་དང་འགག་རྩའི་རང་བཞིན་མིན་པའི་ལས་དོན་ཆ་གསེས་འགན་གཙང་སྤྲོད་དགོས་ཚེ། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་ངེས་པར་དུ་སྒྲུབ་དགོས། ཆ་གསེས་འགན་གཙང་ལེན་མཁན་ཚན་པར་བབ་མཚུངས་ཀྱི་ཐིག་རིས་འོས་བབ་ཆ་རྐྱེན་ངེས་པར་དུ་འཛོམས་དགོས་ལ། བསྐྱར་དུ་ཆ་གསེས་འགན་གཙང་སྤྲོད་མི་ཆོག
ཐིག་རིས་འགོད་མཁན་ཚན་པས་ཐིག་རིས་རྣམ་གྲངས་ལག་བསྟར་བྱེད་སྐབས། རྣམ་གྲངས་ཀྱི་འགན་འཁུར་མཁན་དང་། ལག་རྩལ་མི་སྣ་གཙོ་བོ། སྤུས་ཚད་དོ་དམ་པ་སོགས་ལས་དོན་མི་སྣ་གཙོ་བོ་དེ་ཚན་པ་དེ་གའི་ལས་བྱ་ངེས་པར་དུ་ཡིན་དགོས་པ་མ་ཟད་འབྲེལ་ཡོད་བླང་བྱ་དང་མཐུན་དགོས།
དོན་ཚན་ཉེར་བདུན་པ། ལས་གྲྭའི་འཛུགས་སྐྲུན་རྣམ་གྲངས་དེ་ཐིག་རིས་ཀྱི་ལས་སྒོ་མང་པོ་དང་འབྲེལ་བ་ཡོད་ཚེ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་དང་དེའི་ཐིག་རིས་ས་ཁམས་ཆ་འཕྲིན་དང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། མི་དམངས་མཁའ་ཟོན་སོགས་སྡེ་ཚན་གྱིས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཐིག་རིས་དོན་གནད་ལེགས་སྒྱུར་སྒྲིལ་སྤྱོད་བྱས་ཏེ་ཐིག་རིས་ལག་རྩལ་གྱི་ཚད་གཞི་དང་སྒྲིག་སྲོལ་ངེས་པར་དུ་གཅིག་གྱུར་ཡོང་བ་བྱས་ཐོག ས་ཆ་བེད་སྤྱོད་དང་། འཆར་འགོད། ཨར་ལས། ཞིབ་བཤེར་རྩིས་ལེན། འགུལ་མེད་རྒྱུ་ནོར་ཐོ་འགོད་སོགས་ལས་རིམ་ཁག་གི་ཐིག་རིས་བཀོད་འབྲས་མཉམ་སྤྱོད་དང་ཕན་ཚུན་ཁས་ལེན་ཐུབ་པ་བྱེད་དགོས།
ལས་གྲྭའི་འཛུགས་སྐྲུན་རྣམ་གྲངས་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ནང་ཐིག་རིས་ལས་སྒོ་མང་པོ་དང་འབྲེལ་བ་ཡོད་ཚེ། ཕྱོགས་བསྡུས་ཐིག་རིས་འགོད་རྒྱུར་སྐུལ་མ་བཏང་སྟེ། འཛུགས་སྐྲུན་ཚན་པས་དེ་མཚུངས་ཀྱི་འོས་བབ་ཡོད་པའི་ཐིག་རིས་འགོད་མཁན་ཚན་པར་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚད་གཞི་གཞིར་བཟུང་། མཉམ་དུ་ཐིག་རིས་འགོད་རྒྱུའི་མངག་བཅོལ་བྱེད་དགོས།
དོན་ཚན་ཉེར་བརྒྱད་པ། ཐིག་རིས་འགོད་མཁན་ཚན་པས་ཐིག་རིས་བྱེད་སྒོ་སྤེལ་སྐབས་ཚད་འཇལ་ཞིབ་དཔྱད་ཚད་ལོན་བྱུང་བ་མ་ཟད། གོ་ཆོད་དུས་ཡུན་ནང་ཡིན་པའི་ཐིག་རིས་དཔྱད་ཆས་དང་སྒྲིག་ཆས་ངེས་པར་དུ་བེད་སྤྱོད་བྱེད་དགོས།
ཐིག་རིས་འགོད་མཁན་ཚན་པས་ཁ་ལོ་བ་མེད་པའི་མཁའ་འགྲུལ་ཡོ་བྱད་སྤྱད་དེ་ཐིག་རིས་བྱེད་སྒོ་སྤེལ་སྐབས། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་མཁའ་ཐོག་འགྲིམ་འགྲུལ་དོ་དམ་ལས་ཚན་ལ་ངེས་པར་དུ་ཆོག་མཆན་ཞུ་བ་དང་སྙན་དཔོད་ཞུ་དགོས།
ཐིག་རིས་འགོད་མཁན་ཚན་པས་སྤུས་ཚད་འགན་ལེན་མ་ལག་བཟོ་བ་དང་ཚགས་ཚུད་དུ་བཏང་ནས་རང་གིས་ལེགས་སྒྲུབ་བྱས་པའི་ཐིག་རིས་བཀོད་འབྲས་ཀྱི་སྤུས་ཚད་ལ་ངེས་པར་དུ་འགན་འཁུར་དགོས།
ལེའུ་ལྔ་པ། ཐིག་རིས་བཀོད་འབྲས་ཀྱི་དོ་དམ་དང་བཀོལ་སྤྱོད།
དོན་ཚན་ཉེར་དགུ་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་ཐིག་རིས་ས་ཁམས་ཆ་འཕྲིན་གཙོ་འགན་སྡེ་ཚན་གྱིས་ཐིག་རིས་བཀོད་འབྲས་ལ་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཁྲིམས་བཞིན་ཐིག་རིས་བཀོད་འབྲས་ཕྱོགས་བསྡུས་འབུལ་སྐྱེལ་ལམ་ལུགས་ངེས་པར་དུ་ལག་བསྟར་བྱེད་དགོས།
དོན་ཚན་སུམ་ཅུ་པ། ཐིག་རིས་རྣམ་གྲངས་ལེགས་སྒྲུབ་བྱུང་རྗེས་ཐིག་རིས་རྣམ་གྲངས་ཞིབ་བཤེར་རྩིས་ལེན་བྱས་ཉིན་ནས་བཟུང་ཟླ་གསུམ་ནང་ཚུན་དུ་འབྲེལ་ཡོད་གཏན་འབེབས་ལྟར་ངེས་པར་དུ་ཐིག་རིས་བཀོད་འབྲས་དཔྱད་ཡིག་ཕྱོགས་བསྡུས་འབུལ་སྐྱེལ་བྱེད་དགོས།
ནོར་སྲིད་ཀྱི་མ་དངུལ་བཏང་ནས་ལེགས་སྒྲུབ་བྱས་པའི་ཐིག་རིས་རྣམ་གྲངས་ཡིན་ཚེ། ཐིག་རིས་རྣམ་གྲངས་སྒྲུབ་འགན་ཚན་པས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཐིག་རིས་ས་ཁམས་ཆ་འཕྲིན་གཙོ་འགན་སྡེ་ཚན་ལ་ཐིག་རིས་བཀོད་འབྲས་ཀྱི་འདྲ་བཤུས་དཔྱད་ཡིག་ཕྱོགས་བསྡུས་འབུལ་གཏོང་བྱེད་དགོས་པ་དང་། མ་དངུལ་གཞན་དག་སྤྱད་དེ་ལེགས་སྒྲུབ་བྱས་པའི་ཐིག་རིས་རྣམ་གྲངས་ཡིན་ཚེ། ཐིག་རིས་རྣམ་གྲངས་ཀྱི་མ་དངུལ་གཏོང་མཁན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཐིག་རིས་ས་ཁམས་ཆ་འཕྲིན་གཙོ་འགན་སྡེ་ཚན་ལ་ཐིག་རིས་བཀོད་འབྲས་ཀྱི་དཀར་ཆག་ཕྱོགས་བསྡུས་འབུལ་གཏོང་བྱེད་དགོས། ཐིག་རིས་ས་ཁམས་ཆ་འཕྲིན་གཙོ་འགན་སྡེ་ཚན་གྱིས་ཐིག་རིས་བཀོད་འབྲས་ཕྱོགས་བསྡུས་འབུལ་སྐྱེལ་བྱས་པའི་དཔང་ཡིག་ངེས་པར་དུ་འདོན་དགོས་པ་མ་ཟད། ལས་ཀའི་ཉིན་གྲངས་བཅུའི་ནང་ཐིག་རིས་བཀོད་འབྲས་ཀྱི་འདྲ་བཤུས་དཔྱད་ཡིག་གམ་ཡང་ན་དཀར་ཆག་དེ་ཐིག་རིས་བཀོད་འབྲས་ཉར་ཚགས་བྱེད་མཁན་ཚན་པར་རྩིས་སྤྲོད་བྱེད་དགོས།
རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཐིག་རིས་ས་ཁམས་ཆ་འཕྲིན་གཙོ་འགན་སྡེ་ཚན་གྱིས་ཐིག་རིས་བཀོད་འབྲས་ཀྱི་དཀར་ཆག་འཕྲལ་མར་ངེས་པར་དུ་བཟོ་དགོས་པ་མ་ཟད། སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱེད་དགོས།
དོན་ཚན་སོ་གཅིག་པ། ཐིག་རིས་བཀོད་འབྲས་ཉར་ཚགས་བྱེད་མཁན་ཚན་པས་ཐིག་རིས་བཀོད་འབྲས་ཉར་ཚགས་བྱེད་པའི་ལམ་ལུགས་དང་ཐིག་རིས་བཀོད་འབྲས་ས་གནས་གཞན་དུ་གྲབས་ཉར་བྱེད་པའི་ལམ་ལུགས་ངེས་པར་དུ་བཟོ་བ་དང་ཚགས་ཚུད་དུ་གཏོང་དགོས།
ཐིག་རིས་བཀོད་འབྲས་ཉར་ཚགས་བྱེད་སྐབས་རྒྱལ་ཁབ་ཀྱི་གསང་བ་ཉར་ཆས་ཀྱི་གསང་སྲུང་དོ་དམ་དང་། དྲ་རྒྱའི་ཆ་འཕྲིན་བདེ་འཇགས། མེ་ཟོན་བཅས་དང་དེ་བཞིན་ཡིག་ཚགས་དོ་དམ་སོགས་འབྲེལ་ཡོད་གཏན་འབེབས་བླང་བྱ་དང་ངེས་པར་དུ་མཐུན་དགོས་པ་དང་། ཐིག་རིས་བཀོད་འབྲས་ཆ་ཚང་པོ་དང་ཉེན་མེད་ཡོང་བའི་འགན་སྲུང་བྱེད་དགོས།
དོན་ཚན་སོ་གཉིས་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་ཐིག་རིས་ས་ཁམས་ཆ་འཕྲིན་གཙོ་འགན་སྡེ་ཚན་གྱིས་སྤྱི་དམངས་པར་མའི་ཐིག་རིས་བཀོད་འབྲས་བཟོ་སྣོན་དང་འབྲི་འགོད་ལས་ཀར་ངེས་པར་དུ་སྐུལ་འདེད་གཏོང་དགོས་ཤིང་། གསང་འབྲེལ་གྱི་ཐིག་རིས་བཀོད་འབྲས་ལ་གསང་སྲུང་ལག་རྩལ་སྤྱོད་དགོས་པ་དང་། སྤྱི་དམངས་པར་མའི་ཐིག་རིས་བཀོད་འབྲས་འདོན་སྤྲོད་བྱེད་ཚད་མང་དུ་བཏང་ནས་ཐིག་རིས་བཀོད་འབྲས་སྤྱི་ཚོགས་ཐོག་བཀོལ་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས།
སྲིད་འཛིན་དོ་དམ་དང་། གསར་འགྱུར་བརྒྱུད་བསྒྲགས། ཕྱི་ཕྱོགས་སུ་སྤེལ་རེས། སློབ་ཁྲིད་སོགས་ཀྱི་བྱེད་སྒོའི་ནང་། ས་ཁམས་ཆ་འཕྲིན་གྱི་གཞི་གྲངས་གལ་ཆེན་སྤྱོད་དགོས་ཚེ། ཁྲིམས་བཞིན་ཡོངས་བསྒྲགས་བྱས་པའི་ས་ཁམས་ཆ་འཕྲིན་གྱི་གཞི་གྲངས་གལ་ཆེན་ངེས་པར་དུ་སྤྱོད་དགོས།
དོན་ཚན་སོ་གསུམ་པ། ཐིག་རིས་བཀོད་འབྲས་ཉར་ཚགས་བྱེད་མཁན་ཚན་པས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྤྱི་ཚོགས་ལ་ངེས་པར་དུ་ཐིག་རིས་བཀོད་འབྲས་མཁོ་འདོན་བྱེད་དགོས།
ཁྲིམས་ཚན་ནམ་ཡང་ན་རྩ་འཛུགས་གཞན་དག་གིས་རྒྱལ་ཁབ་ཀྱི་གསང་དོན་ཁོངས་སུ་གཏོགས་པའི་རྨང་གཞིའི་ཐིག་རིས་བཀོད་འབྲས་བེད་སྤྱོད་བྱེད་དགོས་ཚེ། བེད་སྤྱོད་དམིགས་ཡུལ་དང་ཁྱབ་ཁོངས་ཇི་ཡིན་ངེས་པར་དུ་ཁ་གསལ་འདོན་དགོས་པ་མ་ཟད། རྫོང་རིམ་ཡན་མི་དམངས་སྲིད་གཞུང་ཐིག་རིས་ས་ཁམས་ཆ་འཕྲིན་གཙོ་འགན་སྡེ་ཚན་ལ་ཁྲིམས་བཞིན་ཞིབ་མཆན་འགོད་རྒྱུར་འབུལ་དགོས། ཐིག་རིས་ས་ཁམས་ཆ་འཕྲིན་གཙོ་འགན་སྡེ་ཚན་གྱིས་ཞིབ་བཤེར་བྱས་ནས་མོས་མཐུན་བྱུང་ཚེ། ཡིག་ཐོག་ནས་ཐིག་རིས་བཀོད་འབྲས་ཀྱི་གསང་རིམ་དང་། གསང་སྲུང་བླང་བྱ། དེ་བཞིན་འབྲེལ་ཡོད་བརྩམས་ཆོས་ཀྱི་བདག་དབང་སྲུང་སྐྱོབ་ཀྱི་བླང་བྱ་བཅས་ངེས་པར་དུ་ཤེས་སུ་འཇུག་དགོས།
དོན་ཚན་སོ་བཞི་པ། ནོར་སྲིད་ཀྱི་མ་དངུལ་བཏང་བའི་ཐིག་རིས་རྣམ་གྲངས་དང་ཐིག་རིས་དང་འབྲེལ་བའི་ནོར་སྲིད་ཀྱི་མ་དངུལ་གཞན་དག་བེད་སྤྱོད་བྱ་རྒྱུའི་རྣམ་གྲངས་རིགས། འབྲེལ་ཡོད་སྡེ་ཚན་གྱིས་རྣམ་གྲངས་འཛུགས་སྐྲུན་བྱ་རྒྱུར་ཆོག་མཆན་མ་བཀོད་གོང་ཡིག་ཐོག་ནས་རིམ་པ་དེ་གའི་མི་དམངས་སྲིད་གཞུང་ཐིག་རིས་ས་ཁམས་ཆ་འཕྲིན་གཙོ་འགན་སྡེ་ཚན་གྱི་བསམ་འཆར་བསྡུ་ལེན་ངེས་པར་དུ་བྱེད་དགོས་པ་དང་། ཐིག་རིས་ས་ཁམས་ཆ་འཕྲིན་གཙོ་འགན་སྡེ་ཚན་གྱིས་བསམ་འཆར་བསྡུ་ལེན་གྱི་ཡིག་ཆ་འབྱོར་ཉིན་ནས་བཟུང་གི་ཉིན་བཅུའི་ནང་ཚུན་དུ་བསམ་འཆར་ལན་སྤྲོད་ངེས་པར་དུ་བྱེད་དགོས། འོས་ཤིང་འཚམ་པའི་ཐིག་རིས་བཀོད་འབྲས་ཡོད་རིགས་ངེས་པར་དུ་ཐིག་རིས་བཀོད་འབྲས་གང་ལེགས་སྤྱོད་དགོས་པ་ལས་ཐིག་རིས་བསྐྱར་འགོད་མི་ཐོན་པ་བྱེད་དགོས།
དོན་ཚན་སོ་ལྔ་པ། སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱེད་པའི་ས་ཁྲར་ཁྲིམས་ལྟར་ཞིབ་བཤེར་དཔྱད་འབེབས་བྱེད་དབང་ཡོད་མཁན་ཐིག་རིས་ས་ཁམས་ཆ་འཕྲིན་གཙོ་འགན་སྡེ་ཚན་ལ་ངེས་པར་དུ་ཞིབ་བཤེར་དཔྱད་འབེབས་བྱ་རྒྱུར་འབུལ་དགོས། འོན་ཀྱང་མཛེས་ལྗོངས་ཁུལ་གྱི་ས་ཁྲ་དང་ཁྲོམ་གཞུང་གི་ས་ཁྲ་སོགས་ནང་དོན་སྟབས་བདེའི་ས་ཁྲའི་རིགས་ཕུད་པ་ཡིན།
རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཐིག་རིས་ས་ཁམས་ཆ་འཕྲིན་གཙོ་འགན་སྡེ་ཚན་གྱིས་ས་ཁོངས་གཙོ་བོའི་སྲིད་འཛིན་ས་ཁོངས་དེ་གའི་ཁྱབ་ཁོངས་ནང་གི་ས་ཁྲར་ཞིབ་བཤེར་དཔྱད་འབེབས་བྱེད་འགན་འཁུར་རྒྱུ། དེའི་ནང་། ས་ཁོངས་གཙོ་བོ་ནི་ཆུད་བཙུགས་པའི་གྲོང་ཁྱེར(ས་ཁུལ)སྲིད་འཛིན་ས་ཁོངས་ནང་གི་རྒྱལ་མཚམས་ས་ཐིག་དང་འབྲེལ་བ་མེད་པའི་ས་ཁྲར་ཆུད་བཙུགས་པའི་གྲོང་ཁྱེར(ས་ཁུལ)མི་དམངས་སྲིད་གཞུང་(སྲིད་འཛིན་ཀུང་ཧྲུའུ)ཐིག་རིས་ས་ཁམས་ཆ་འཕྲིན་གཙོ་འགན་སྡེ་ཚན་གྱིས་ཞིབ་བཤེར་དཔྱད་འབེབས་བྱེད་འགན་འཁུར་རྒྱུ། ཞིབ་བཤེར་དཔྱད་འབེབས་ཀྱི་མཆན་བཀོད་ས་ཁྲར་ཞིབ་དཔྱད་ཞུ་མཁན་གྱིས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཞིབ་བཤེར་དཔྱད་འབེབས་བྱེད་དབང་ཡོད་མཁན་ཐིག་རིས་ས་ཁམས་ཆ་འཕྲིན་གཙོ་འགན་སྡེ་ཚན་ལ་མ་དཔེ་རིན་མེད་ཐོག་ངེས་པར་དུ་འབུལ་དགོས།
མཉམ་སྦྲེལ་དྲ་ཐོག་ས་ཁྲའི་ཞབས་ཞུ་ཚན་པས་ཁྲིམས་ལྟར་ཞིབ་བཤེར་དཔྱད་འབེབས་ཀྱི་མཆན་བཀོད་ས་ཁྲ་བེད་སྤྱོད་བྱེད་དགོས་པ་དང་། མཉམ་སྦྲེལ་དྲ་ཐོག་ས་ཁྲའི་གསར་སྣོན་ནང་དོན་ལ་ཞིབ་ཞུས་བྱ་རྒྱུར་ངེས་པར་དུ་ཤུགས་སྣོན་རྒྱག་དགོས་པ་མ་ཟད། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐིག་རིས་ས་ཁམས་ཆ་འཕྲིན་གཙོ་འགན་སྡེ་ཚན་ནམ་ཡང་ན་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཐིག་རིས་ས་ཁམས་ཆ་འཕྲིན་གཙོ་འགན་སྡེ་ཚན་ལ་སྙན་དཔོད་ཞུ་དགོས།
དོན་ཚན་སོ་དྲུག་པ། སྤྱི་ཕན་རང་བཞིན་གྱི་ས་ཁྲ་འབྲི་འགོད་བྱེད་སྐབས། ཆུ་རྒྱུད་དང་། ས་དབྱིབས། འགྲིམ་འགྲུལ། ཡུལ་མིའི་སྡོད་གནས། སྲིད་འཛིན་ཁུལ་དབྱེ། ས་མཚམས་ས་ཐིག་སོགས་གཙོ་རྒྱུའི་ནང་དོན་ངེས་པར་དུ་མཚོན་པར་བྱེད་དགོས་པ་ལས་ས་ཁམས་ཀྱི་གཙོ་རྒྱུའི་ནང་དོན་ཐད་རིན་ཡོད་ཟུར་མཆན་དང་བརྡ་ཁྱབ་འགོད་རིགས་བྱེད་མི་ཆོག
ཕྱོགས་སྟོན་གློག་རྡུལ་ས་ཁྲ་དང་ཡོངས་ཁྱབ་ཏུ་དཔེ་སྐྲུན་འགྲེམས་སྤེལ་བྱ་རྒྱུའི་སྲིད་འཛིན་ཁུལ་དབྱེའི་ས་ཁྲ་དང་། འགྲིམ་འགྲུལ་ས་ཁྲ། ཡུལ་སྐོར་ས་ཁྲ་སོགས་ཆེད་དོན་ས་ཁྲ་གཞན་དག་འབྲི་འགོད་བྱེད་སྐབས། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་སྲིད་གཞུང་ལས་ཁུངས་དང་། སྨན་བཅོས་ལས་ཚན། འཕྲལ་མཁོའི་ཉེན་གཡོལ་བྱེད་གནས། ཡུལ་སྐོར་ཞབས་ཞུའི་སྒྲིག་བཀོད། མཐོ་རིམ་སློབ་གྲྭ། དཔེ་མཛོད་ཁང་སོགས་སྤྱི་པའི་ས་ཁམས་ཆ་འཕྲིན་གྱི་མཚོན་རྟགས་ངེས་པར་དུ་འགོད་དགོས་པ་ལས་དེའི་ཟུར་མཆན་འགོད་རིན་བསྡུ་རིགས་བྱེད་མི་ཆོག
ལེའུ་དྲུག་པ། ལྟ་སྐུལ་དོ་དམ།
དོན་ཚན་སོ་བདུན་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་ཐིག་རིས་ས་ཁམས་ཆ་འཕྲིན་གཙོ་འགན་སྡེ་ཚན་གྱིས་ཐིག་རིས་བྱེད་སྒོར་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། སྐབས་བསྟུན་འཐེན་བཤེར་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། དུས་བཀག་ལྟར་ཐིག་རིས་ཀྱི་འོས་བབ་ཐོབ་ཐང་དང་། སྤུས་ཚད་དོ་དམ། ས་ཁྲའི་དོ་དམ། བཀོད་འབྲས་བདེ་འཇགས་སོགས་ལ་ངེས་པར་དུ་ལྟ་སྐུལ་ཞིབ་བཤེར་བྱེད་དགོས་པ་མ་ཟད། སྤྱི་ཚོགས་ཐོག་ལྟ་སྐུལ་ཞིབ་བཤེར་བྱས་འབྲས་ཡོངས་བསྒྲགས་བྱེད་དགོས།
དོན་ཚན་སོ་བརྒྱད་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་ཐིག་རིས་ས་ཁམས་ཆ་འཕྲིན་གཙོ་འགན་སྡེ་ཚན་གྱིས་རིམ་པ་དེ་གའི་མི་དམངས་སྲིད་གཞུང་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་སྲུང་སྐར་ཕྱོགས་སྟོན་ངེས་གནས་ཀྱི་རྩ་བའི་ཚད་གཞིའི་ས་ཚིགས་འཛུགས་སྐྲུན་དང་། འཁོར་སྐྱོད་སྲུང་སྐྱོང་། ཞབས་ཞུ་བཅས་ཚད་ལྡན་བཟོ་བ་དང་མཛུབ་ཁྲིད་བྱེད་པར་ངེས་པར་དུ་ཤུགས་སྣོན་རྒྱག་དགོས་པ་མ་ཟད། སྲུང་སྐར་ཕྱོགས་སྟོན་ངེས་གནས་ཀྱི་རྩ་བའི་ཚད་གཞིའི་ས་ཚིགས་ཀྱི་སྙན་དཔོད་ཆ་འཕྲིན་ལ་དཔྱད་བཤེར་བྱེད་དགོས།
དོན་ཚན་སོ་དགུ་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་ཐིག་རིས་ས་ཁམས་ཆ་འཕྲིན་གཙོ་འགན་སྡེ་ཚན་གྱིས་རིམ་པ་དེ་གའི་མི་དམངས་སྲིད་གཞུང་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ས་ཁམས་ཆ་འཕྲིན་ཉེན་མེད་དོ་དམ་ལམ་ལུགས་དང་ལག་རྩལ་འགོག་ཟོན་མ་ལག་ངེས་པར་དུ་འཛུགས་དགོས་པ་དང་། ཉེན་མེད་ཡིད་རྟོན་རུང་བའི་ས་ཁམས་ཆ་འཕྲིན་ལག་རྩལ་དང་སྒྲིག་བཀོད་ཁྱབ་གདལ་བེད་སྤྱོད་བྱེད་དགོས་པ་མ་ཟད། ས་ཁམས་ཆ་འཕྲིན་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།
དོན་ཚན་བཞི་བཅུ་པ། ས་ཁམས་ཆ་འཕྲིན་བཟོ་འདོན་དང་། ཉར་ཚགས། བེད་སྤྱོད་བཅས་བྱེད་མཁན་ཚན་པས་རྒྱལ་ཁབ་ཀྱི་གསང་བའི་ཁོངས་སུ་གཏོགས་པའི་ས་ཁམས་ཆ་འཕྲིན་བསྡུ་ལེན་དང་། བདག་འཛིན། མཁོ་འདོན། བེད་སྤྱོད་བཅས་བྱས་ཚུལ་ཐོ་འགོད་ངེས་པར་དུ་བྱེད་དགོས་པ་མ་ཟད། ཡུན་རིང་ཉར་ཚགས་དང་ཁུངས་འདེད་དོ་དམ་བྱེད་དགོས།
ཐིག་རིས་བྱེད་སྒོ་སྤེལ་སྐབས་བསྡུ་ལེན་དང་། བདག་འཛིན། མཁོ་འདོན། བེད་སྤྱོད་བཅས་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་གསང་བའི་ཁོངས་སུ་གཏོགས་པའི་ས་ཁམས་ཆ་འཕྲིན་དང་འབྲེལ་བ་ཡོད་ཚེ། གསང་སྲུང་གི་བཅའ་ཁྲིམས་ཁྲིམས་སྲོལ་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལ་ངེས་པར་དུ་བརྩི་སྲུང་ཞུ་དགོས་པ་ལས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་མི་ཆོག
ས་ཁམས་ཆ་འཕྲིན་བཟོ་འདོན་དང་། སྤྱོད་མཁན་ཚན་པ། མཉམ་སྦྲེལ་དྲ་ཐོག་ས་ཁྲའི་ཞབས་ཞུ་སྒྲུབ་མཁན་བཅས་ཀྱིས་མི་སྒེར་གྱི་ཆ་འཕྲིན་བསྡུ་ལེན་དང་བེད་སྤྱོད་བྱེད་སྐབས། མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་བྱ་རྒྱུའི་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་འཁོད་པའི་གཏན་འབེབས་ལ་ངེས་པར་དུ་བརྩི་སྲུང་ཞུ་དགོས།
དོན་ཚན་ཞེ་གཅིག་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་ཐིག་རིས་ས་ཁམས་ཆ་འཕྲིན་གཙོ་འགན་སྡེ་ཚན་གྱིས་ཐིག་རིས་ཁྲོམ་རའི་ཡིད་རྟོན་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་པ་དང་། ཐིག་རིས་འགོད་མཁན་ཚན་པའི་འོས་བབ་དང་། གྲུབ་འབྲས་ཀྱི་སྤུས་ཚད། བཅའ་ཁྲིམས་ཁྲིམས་སྲོལ་ལག་བསྟར་བྱས་ཚུལ། ཐིག་རིས་ལག་རྩལ་ཚད་ལྡན་དང་ཚད་གཞི། ཐིག་རིས་གན་རྒྱ་སོགས་འབྲེལ་ཡོད་ཡིད་རྟོན་ཆ་འཕྲིན་རྣམས་ཁྲིམས་ལྟར་ངེས་པར་དུ་ཁྱབ་བསྒྲགས་བྱེད་དགོས་པ་མ་ཟད། སྤྱི་དམངས་ཀྱི་འདྲི་རྩད་རིགས་ལ་ལན་འདེབས་ཞབས་ཞུ་སྒྲུབ་དགོས།
དོན་ཚན་ཞེ་གཉིས་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་ཐིག་རིས་ས་ཁམ
(བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)
ས་ཆ་འཕྲིན་གཙོ་འགན་སྡེ་ཚན་གྱིས་ཐེར་འདོན་བྱེད་ལམ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ་སྤྱི་ཚོགས་ཐོག་ཐེར་འདོན་ཁ་པར་དང་། འཕྲིན་གཏོང་ས་གནས། གློག་རྡུལ་ཡིག་སྒམ་སོགས་ཀྱི་ཆ་འཕྲིན་ངེས་པར་དུ་ཡོངས་བསྒྲགས་བྱེད་དགོས།
ཚན་པ་གང་དང་མི་སུ་ཞིག་ཡིན་རུང་ཐིག་རིས་ཀྱི་ཁྲིམས་འགལ་བྱེད་སྤྱོད་རིགས་ཤེས་རྟོགས་བྱུང་ཚེ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་ཐིག་རིས་ས་ཁམས་ཆ་འཕྲིན་གཙོ་འགན་སྡེ་ཚན་ལ་ཐེར་འདོན་བྱེད་དབང་ཡོད་པ་དང་། ཐིག་རིས་ས་ཁམས་ཆ་འཕྲིན་གཙོ་འགན་སྡེ་ཚན་གྱིས་ཐེར་འདོན་སྙན་ཞུ་འབྱོར་རྗེས་ངེས་པར་དུ་འཕྲལ་མར་ཁྲིམས་ལྟར་ཐག་གཅོད་བྱེད་དགོས།
ལེའུ་བདུན་པ། བཅའ་ཁྲིམས་ཀྱི་འགན་འཁྲི།
དོན་ཚན་ཞེ་གསུམ་པ། རིམ་ཁག་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་ཐིག་རིས་དོ་དམ་གྱི་འགན་འཁྲི་མ་སྒྲུབ་པའམ་ཡང་ན་དེ་མིན་གྱི་འགན་དབང་གང་བྱུང་དུ་སྤྱོད་པ་དང་། རང་འགན་ཟོལ་འཇོག་བྱེད་པ། ཉེར་ཕྱོགས་གཡོ་ཟོལ་བྱེད་པ་བཅས་བྱས་ཚེ། འགན་ཡོད་འགོ་ཁྲིད་མི་སྣ་དང་ཐད་ཀའི་འགན་འཁྲི་ཡོད་མཁན་ལ་ཁྲིམས་ལྟར་ཆད་པ་གཅོད་རྒྱུ།
དོན་ཚན་ཞེ་བཞི་པ། སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་ཡང་སྲོལ་ཡིག་འདིའི་ནང་ཆད་གཅོད་ཀྱི་གཏན་འབེབས་བྱས་མེད་པའི་བྱེད་སྤྱོད་རིགས་ལ། དེ་མིན་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་ཆད་གཅོད་ཀྱི་གཏན་འབེབས་ཡོད་རིགས་གཏན་འབེབས་འདི་བཞིན་བྱ་རྒྱུ།
ལེའུ་བརྒྱད་པ། ཞར་བྱུང་།
དོན་ཚན་ཞེ་ལྔ་པ། སྲོལ་ཡིག་འདི་2026ལོའི་ཟླ་དང་པོའི་ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།
(བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)
འབྲེལ་ཡོད་གསར་འགྱུར།