དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ལིའུ་ཅང་གིས་རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-06-17

    ཚེས་15ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་གིས་རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་གཙོ་སྐྱོང་གནང་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་གཡས་གཞོགས་གཡོན་འདེཌ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཀྲུའུ་ཧྲོའུ་ཁོའོ་དང་། ཚེ་བརྟན། ཞུས་ཡ་ཏུང་བཅས་ཚོགས་འདུར་ཞུགས་པ་རེད།

    ལིའུ་ཅང་གིས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་ཉེར་ལྔ་པར་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཧྲན་ཤིས་ཁྲང་ཀྲི་རྡོ་སོལ་གཏེར་ཁུལ་ཞིག་གི་ཝ་སི་འབར་གས་ཀྱི་ལས་འཛོལ་ཐད་གནང་བའི་མཛུབ་སྟོན་གལ་ཆེན་ནི་ཚུགས་གནས་མཐོ་ཞིང་གཟིགས་རྒྱང་རིང་བ་དང་། དམངས་ཆེད་བློ་གཅིག་སེམས་གཅིག བརྒྱུད་རིམ་ལྡན་ལ་ཚན་རིག་དང་མཐུན་པ་བཅས་ཡིན་པས། ངེས་པར་དུ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་ཀྱིས“མཐའ་འཁྱོངས་བདུན”གྱི་རྩ་ཆེའི་ཉམས་མྱོང་ལ་སྟངས་འཛིན་ཡག་པོ་བྱས་ནས་བདེ་འཇགས་འཕེལ་རྒྱས་ཀྱི་མཐའ་ཚད་མཐའ་གཅིག་ཏུ་སྲུང་དགོས། རང་བྱུང་གནོད་འཚེ་འགོག་ཟོན་དང་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་གཏོང་བ་དང་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་གཏིང་ཟབ་བྱས་ཏེ་འཕྲལ་སྡོམ་རོགས་སྐྱོབ་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ལས་དོན་ཡག་པོ་སྒྲུབ་པ་དང་། གནོད་འཚེར་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་དང་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། དམིགས་བསལ་ཚབས་ཆེའི་སྤྱི་པའི་བདེ་འཇགས་ཀྱི་ལས་འཛོལ་ཐོན་རྒྱུ་ནན་འགོག་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་བྱེད་དགོས།

    ལིའུ་ཅང་གིས་ནན་བཤད་གནང་དོན། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཚད་གཞི་དམའ་རུ་མི་གཏོང་བ་དང་ཤུགས་ཚད་ཆུང་དུ་མི་གཏོང་བ་མཐའ་གཅིག་ཏུ་བྱེད་དགོས། བསམ་བློའི་ཐོག་ནས་རྩ་བའི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ཏེ་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་ནང་སེམས་རྒྱུད་ལ་འཇགས་པ་དང་ཕྱི་ལག་ལེན་དུ་འཁྱོལ་བ་བྱེད་དགོས། བྱ་སྤྱོད་དངོས་ཀྱི་ཐོག་ནས་གནད་དོན་དངོས་ཐག་གཅོད་ཧུར་ཐག་བྱས་ཏེ་ནན་པའི་ཁྲིམས་སྒྱུར་དང་གཞུང་དྲང་ཁྲིམས་འཛིན་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། སྒྲིག་སྲོལ་ལམ་ལུགས་འཛུགས་པའི་ཐད་རྒྱུན་རྣམ་དང་ཕུགས་ཕན་གྱི་གནད་དོན་ཐག་གཅོད་ཧུར་ཐག་བྱེད་པ་དང་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་ཆེར་བཏང་ནས་མི་རིགས་ཁག་གི་མང་ཚོགས་ལ་སྲིད་ཁྲིམས་ལས་ཁུངས་ཀྱིས་རང་འགུལ་ངང་འགན་འཁྲི་ཁུར་ནས་བྱ་བ་དངོས་སྒྲུབ་པ་དང་དངོས་འཛིན་དངོས་སྒྲུབ་དང་ཕན་འབྲས་དངོས་ཐོན་པར་བྱེད་པའི་སྤྱོད་ཚུལ་གསར་པ་དང་རྣམ་པ་གསར་པ་མཐོང་དུ་འཇུག་དགོས།

    ལིའུ་ཅང་གིས་བླང་བྱ་བཏོན་དོན། བློ་མཐུན་ཁྲེན་ཝུན་ཆིང་གིས་སྲིད་ཁྲིམས་འགོ་ཁྲིད་ལས་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་ཐོག་གནང་བའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས་སྲིད་ཁྲིམས་དཔུང་ཁག་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། སྤྱོད་ཡོན་གཉིས་ལྡན་གྱི་ཚད་གཞི་མཐའ་འཁྱོངས་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲིད་ཁྲིམས་ལས་དོན་དང་སྲིད་ཁྲིམས་ལས་བྱེད་པའི་དཔུང་ཁག་ལ་བཅོལ་བའི་ཐུགས་རེ་ནན་པོ་བློ་ལ་བརྟན་པོར་ངེས་པ། མི་རིགས་ས་ཁུལ་གྱི་ལས་བྱེད་པའི“དམིགས་བསལ་བཞིའི”བླང་བྱར་གཞིགས་པ། “ནུས་པ་ལྔ”ཆེ་རུ་གཏོང་བར་དམིགས་པ། “སྙིང་རུས་བྱེད་དགོས་པ་བཞི”ཐུབ་པ་བཅས་བྱས་ཏེ་ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ་དང་། ལས་སྒོ་བྱང་ཆུབ་པ། འགན་འཁྲི་འཁུར་ཐུབ་པ། སྒྲིག་ཁྲིམས་ནན་པོ་སྲུང་ཐུབ་པ། སྤྱོད་ཚུལ་བཟང་བ་བཅས་ཀྱི་ས་མཐོའི་སྲིད་ཁྲིམས་དམག་ཧྲག་ཅིག་བཏོད་དེ་དེ་བས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནུས་ལྡན་བྱེད་དགོས།

    ལིའུ་ཅང་གིས་བླང་བྱ་བཏོན་དོན། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྱོང་ལ་མུ་མཐུད་སྐུལ་འདེད་གཏོང་དགོས། བློ་མཐུན་ཁྲེན་ཝུན་ཆིང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། རྫོང་རིམ་པའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་གྱི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་བ། ཤང་དང་གྲོང་རྡལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། འགལ་ཟླ་དང་རྩོད་གཞི་ངོ་བོའི་རང་བཞིན་གྱི་ཐག་གཅོད་ཐུབ་པར་སྐུལ་འདེད་གཏིང་ཟབ་གཏོང་བ། བརྟན་ལྷིང་སྲུང་སྐྱོང་གི་འགོག་སྲུང་འཛིང་རགས་དང་པོ་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ་བཅས་བྱས་ཏེ་དངོས་སྒྲུབ་དང་ལས་རྗེས་དངོས་ལ་བརྟེན་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

    ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལའང་ཞིབ་འཇུག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།