དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་སུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-06-17

    འདི་ནི་ཟླ་6ཚེས་15ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་སུ་བརྟག་ཞིབ་གནང་བཞིན་པ།

    ● ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་བ་དང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་གཞི་ཚུགས་པ། ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་དྲ་རྒྱ་གང་མགྱོགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་ཞིག་འདིང་དགོས།

     ཟླ་6ཚེས་15ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་སུ་བརྟག་ཞིབ་གནང་སྐབས། འགྲིམ་འགྲུལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་བ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་གཞི་ཚུགས་པ། ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་དྲ་རྒྱའི་མ་ལག་གང་མགྱོགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་ཞིག་འདིང་དགོས་ཞེས་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་སྔ་རྗེས་སུ་འབྲེལ་ཡོད་ཁྲུའུ་དང་ཁང་དུ་ཕེབས་ནས་འགྲེམས་པང་ལ་གཟིགས་པ་དང་། སྙན་སེང་གསན་པ། ལས་བྱེད་པ་དང་ལས་བཟོ་ཚོ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བ་མ་ཟད། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་འཕེལ་རྒྱས། དེ་བཞིན་བདེ་འཇགས་ལྟ་སྐུལ་དང་རྒྱལ་སྲུང་འགྲིམ་འགྲུལ་འཛུགས་སྐྲུན་སོགས་ཀྱི་ལས་ཀའི་གནས་ཚུལ་ལའང་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་ལྗོངས་ཀྱི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཞབས་ཞུའི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་པ། རིག་ལྡན་ལྗང་མདོག་འགྲིམ་འགྲུལ་འཕེལ་རྒྱས་ལ་སྤུས་འབྲས་ལེགས་གཉེར་བྱུང་བ། བདེ་འཇགས་འཕྲལ་སྡོམ་གྱི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། ལས་རིགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ་བཅས་མཁྱེན་སྐབས། ཝང་ཅུན་ཀྲེང་གིས་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད།

    འགྲིམ་འགྲུལ་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་རྨང་གཞི་ཡིན། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ལྗོངས་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་སྣེ་ཁྲིད་ཀྱི་ནུས་པ་འདོན་རྒྱུར་སྣང་ཆེན་བྱས་པས། རྨང་གཞིའི་སྒྲིག་བཀོད་དྲ་རྒྱ་དེ་བས་འཐུས་སྒོ་ཚང་དུ་ཕྱིན་པ་དང་། དམངས་འཚོའི་བདེ་རྩ་རྒྱུན་མཐུད་ཆེ་རུ་ཕྱིན་པ། འགྲིམ་འགྲུལ་སྐྱེལ་འདྲེན་འཕེལ་རྒྱས་ཐད་གཞི་ཁྱོན་ཆེ་རུ་ཕྱིན་པ་ནས་དྲ་རྒྱའི་སྟོང་ཆ་སྐོང་བ་དང་སྤུས་འབྲས་ལེགས་གཉེར་གལ་ཆེ་མཉམ་དུ་འཛིན་པའི་བར་འགྱུར་ལྡོག་བྱུང་བ། རྨང་གཞིའི་ཐ་སྐྱོང་རང་བཞིན་གྱི་ལས་འགན་ལེགས་སྒྲུབ་བྱེད་པ་ནས་དེང་རབས་ཅན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་བསྐྲུན་པའི་བར་འགྱུར་ལྡོག་བྱུང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དེ་བས་ཆེ་བ་དང་། སྐྱིད་སྣང་དེ་བས་རྒྱུན་མཐུད་ཐུབ་པ། བདེ་འཇགས་ཚོར་སྣང་དེ་བས་འགན་ལེན་ཐུབ་པ་བཅས་བྱུང་ཡོད། ལྗོངས་ཡོངས་སུ་གཞུང་ལམ་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི་12.52ཟིན་པ་དང་། རིམ་ལྡན་གཞུང་ལམ་སྤྱི་ལེ་ཁྲི་11ཟིན་པ། རིམ་གསུམ་ཡན་གྱི་རྒྱལ་ལམ་དཀྱུས་མའི་གཞུང་ལམ་གྱི་བསྡུར་ཚད་95%ཟིན་པ། ཤང་དང་གྲོང་རྡལ་དང་སྲིད་འཛིན་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད་སོ་སོར་100%དང་92.48%ཟིན་པ། “གཞུང་བཞི་འཕྲེད་གསུམ་ལམ་བརྒྱད”ཀྱི་གཞུང་ལམ་དྲ་རྒྱའི་སྒྲོམ་གཞི་གཙོ་བོ་དང“གྲོང་ཁྱེར་ལྔ་ཆུ་ཚོད་གསུམ་ནང་ཚུན་དུ་སྐོར་ཐུབ་པའི་དཔལ་འབྱོར་ཁུལ”གྱི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་རྒྱ་གཞི་རྩའི་ཆ་ནས་བསྐྲུན་པ། རང་ལྗོངས་ཀྱི་དེང་རབས་ཅན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་སོང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པར་ལེགས་སྐྱེས་ཧུར་ཐག་ཕུལ་བ་དང་འདེགས་སྐྱོར་བརྟན་པོ་བྱས་ཡོད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་ནི་རང་རྒྱལ་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ཤུགས་རྒྱག་པའི་འགག་རྩའི་དུས་སྐབས་ཤིག་ཡིན་ལ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་གོ་སྐབས་གལ་ཆེན་ཞིག་ཀྱང་ཡིན། ལྗོངས་ཡོངས་ཀྱི་རིམ་ཁག་དང་སྡེ་ཚན་ཁག་དང་། ལྷག་པར་དུ་འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་ཀྱིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་ཏེ། ཚད་གཞི་ནན་པོ་དང་བྱ་ཐབས་ཏན་ཏིག་ལ་བརྟེན་ནས་སྦྱོང་བཤེར་བཅོས་གསུམ་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། གནད་དོན་ལ་ཞིབ་བཤེར་གསལ་པོ་དང་གནད་དོན་གནད་ལ་འཁེལ་པོས་བཙལ་ཐོག་གནད་སྨིན་དངོས་སྒྲུབ་ཀྱིས་དག་ཐེར་ལ་དམ་འཛིན་བྱས་ནས་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པ་དང་། མིག་སྔ་དང་ཕུགས་ཀྱི་དབར་དང་། ཆ་ཤས་དང་སྤྱི་ཡོངས་དབར། མངོན་གསལ་གྱི་གྲུབ་འབྲས་དང་མི་མངོན་པའི་གྲུབ་འབྲས་དབར་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་རང་རྟོགས་ངང་ས་གནས་དེ་ག་དང་། སྡེ་ཚན་དེ་ག ཁོངས་གཏོགས་དེ་ག་བཅས་ཀྱི་ལས་དོན་དེ་ལྗོངས་ཡོངས་ཀྱི་ལས་དོན་གྱི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་བློ་གཏོང་བ་དང་། ཇུས་འགོད་བྱེད་པ། ཞིབ་འཇུག་བྱེད་པ། སྐུལ་འདེད་གཏོང་བ་བཅས་བྱེད་པ་དང་། “འཛུགས་གཏོད་བཞིའི”ཁྲོད་ཀྱི་རང་ངོས་ཀྱི་ལས་དོན་གྱི་འགན་འཁྲིའི་ངེས་གནས་གནད་འཁེལ་ངང་འཚོལ་བ། རྨང་གཞི་འདིང་བ་དང་། ཕུགས་ལ་ཕན་པ། གཏིང་ཤུགས་ཆེ་རུ་གཏོང་བ། དམངས་འཚོར་ཕན་པ་བཅས་ཀྱི་བྱ་བ་དངོས་མང་ཙམ་སྒྲུབ་པ་བཅས་བྱས་ནས་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་ཐེག་པའི་གྲུབ་འབྲས་དངོས་ཧུར་ཐག་གཏོད་དགོས། ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་དང་། བོད་ཀྱི་དོན་དངོས་ལ་གཞི་ཚུགས་པ། འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་མཉམ་སྦྲེལ་མཉམ་མཐུད་ལ་ཤུགས་སྣོན་རྒྱག་པ། ལྕགས་ལམ་དང་། གཞུང་ལམ། དམངས་སྤྱོད་མཁའ་འགྲུལ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་བ། གནས་སྦྲེལ་ལམ་གྲུབ་དང་ལམ་སྦྲེལ་དྲ་གྲུབ་ཡོང་བ་བཅས་བྱས་ཏེ“གཞུང་གསུམ་འཕྲེད་གསུམ”གྱི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་རྒྱ་ནུས་ཤུགས་ཡོད་རྒུས་སྐྲུན་དགོས། བྱེད་སྟངས་དང་། ས་ཁོངས། ཁྱབ་ཁོངས། ཐོན་ལས་བཅས་ལས་བརྒལ་ནས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། འགྲིམ་འགྲུལ་དེ་ཡུལ་སྐོར་དང་། སྦྲག་སྲིད། ཚོང་དོན་སོགས་དང་མཉམ་འདྲེས་འཕེལ་རྒྱས་ཡོང་བར་མུ་མཐུད་སྐུལ་འདེད་གཏོང་བ། སྐྱེལ་འདྲེན་གྲུབ་ཆ་ལེགས་སྒྲིག་བཅས་བྱས་ནས་ཕྱི་ནང་སྦྲེལ་མཐུད་དང་བདེ་འཇགས་ནུས་ཆེའི་ཟོག་འགྲུལ་དྲ་རྒྱ་གང་མགྱོགས་ཆགས་པར་བྱེད་དགོས། ས་ཁོངས་ཀྱི་ལམ་དྲའི་གྲུབ་ཆ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། བོད་ནས་འཛུལ་སྒྲོལ་གྱི་འགྲོ་ལམ་སྤུས་སྤོར་རིམ་སྤོར་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ། “ཡག་པོ་བཞིའི་གྲོང་གསེབ་ཀྱི་གཞུང་ལམ”སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ། གྲོང་གསེབ་ཀྱི་གཞུང་ལམ་ཤར་གཏོང་ཐུབ་ཚད་མཐོ་རུ་དང་ཁྱབ་རྒྱ་ཆེ་རུ་གཏོང་བ། མི་དམངས་བློ་ཡིད་ཚིམ་པའི་འགྲིམ་འགྲུལ་འཛུགས་སྐྲུན་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། 

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།