དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཀརྨ་ཚེ་བརྟན།
  • ཀརྨ་ཚེ་བརྟན་གྱིས་བོད་དུ་ཡོད་པའི་སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་སྒྲིག་གཞིར་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-13

    ཚེས་11ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་བོད་དུ་ཡོད་པའི་སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་སྒྲིག་གཞིར་བརྟག་ཞིབ་གནང་བར་ཕེབས་པ་རེད།

    རྒྱལ་ཁབ་གསར་སྤེལ་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་དུ་ཀརྨ་ཚེ་བརྟན་གྱིས་གཙོ་གནད་ལས་དོན་གྱི་གནས་ཚུལ་ངོ་སྤྲོད་ནན་ཏན་ངང་གསན་རྗེས། ཁོང་གིས། འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ནས་གསར་སྤེལ་རང་བཞིན་གྱི་དངུལ་རྩའི་དུས་ཡུན་རིང་འབྲིང་གི་མ་འཇོག་དང་མ་དངུལ་བསྡུ་སྒྲིལ་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། གཙོ་གནད་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། གྲོང་ཁྱེར་གསར་བརྗེ། དམངས་འཚོ་ལེགས་བཅོས། ལྗང་མདོག་འཕེལ་རྒྱས་སོགས་གཙོ་གནད་ཁྱབ་ཁོངས་ལ་དམ་པོར་དམིགས་ཏེ་དངུལ་རྩའི་ཞབས་ཞུའི་ནུས་འབྲས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་ལ་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད། ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་དུ་ཀརྨ་ཚེ་བརྟན་གྱིས་དངུལ་རྩས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། ཞིང་ལས་ཀྱི་སྲིད་ཇུས་རང་བཞིན་གྱི་དངུལ་ཁང་གི་འགན་ནུས་ངེས་གནས་མུ་མཐུད་བརྟན་པོ་བསྲུངས་ནས“ཞིང་གསུམ”གྱི་དགོས་མཁོར་དམིགས་ཏེ་འབྲུ་རིགས་བདེ་འཇགས་དང་། གྲོང་གསེབ་དར་རྒྱས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྲུན། ཁྱད་ལྡན་ཞིང་འབྲོག་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་ཐད་ཀྱི་དངུལ་རྩའི་ཞབས་ཞུ་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས་རང་ས་ཅན་དང་ཁྱད་ལྡན་ཅན་གྱི་དངུལ་རྩའི་ཐོན་རྫས་གསར་སྤེལ་ཧུར་ཐག་བྱས་ཏེ། ཞིང་འབྲོག་ལས་སྤུས་ཚད་མཐོ་ཞིང་ལས་ཕྱོད་ཆེ་བ་དང་། ཞིང་འབྲོག་ཁུལ་གནས་འཕྲོད་ལས་འཚམ་ཆེ་བ། ཞིང་འབྲོག་པ་འབྱོར་ཕྱུག་ལྡན་པ་བཅས་ལ་སྐུལ་འདེད་གཏོང་རིང་ནུས་པ་དེ་བས་ཆེ་བ་འདོན་དགོས་ཞེས་གསུངས་པ་རེད།

    བརྟག་ཞིབ་གནང་རིང་། ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཚབ་ཞུས་ནས་སྲིད་ཇུས་རང་བཞིན་གྱི་དངུལ་ཁང་ཁག་གིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལེགས་སྐྱེས་ཧུར་ཐག་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས། ཚང་མས་འགན་འཁྲི་གཙོ་བོ་དང་ལས་རིགས་གཙོ་བོར་གཞིགས་པ་དང་། རང་འགུལ་ངང་བྱས་རྗེས་ཧུར་ཐག་འཇོག་པ། ཉེན་ཁ་སྔོན་འགོག་དང་། ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ལས་ཀའི་གཙོ་རྐང་ལ་དམ་པོར་དམིགས་ཏེ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་མཉམ་འདྲེས་གཏིང་ཟབ་བྱས་ནས། གོམ་སྟབས་གཅིག་གྱུར་དང་ཕྱོགས་མཐུན་ཤུགས་འདོན་བྱེད་དགོས་པ་མ་ཟད། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་དེ་བས་ཡག་པོ་བྱས་ནས་བརྒྱུད་རིམ་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་མི་ཐོན་པའི་མཐའ་ཚད་བརྟན་པོ་བསྲུངས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་པ་དང་མཛེས་སྡུག་ལྡན་པའི་བོད་ཀྱི་ལེའུ་གསར་པ་རྩོམ་དགོས། ཞབས་ཞུའི་བརྒྱུད་རིམ་སྔར་བས་ལེགས་སུ་གཏོང་བ་དང་། ཞབས་ཞུའི་ལས་ཕྱོད་ཆེ་རུ་གཏོང་བ། དངོས་ཚན་དཔལ་འབྱོར་གྱི་སྣ་མང་ཅན་གྱི་དངུལ་རྩའི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་བ། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཐུན་རྐྱེན་དེ་བས་ལེགས་པ་སྦྱོར་བ་བཅས་བྱེད་པའི་རེ་བ་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།