དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱ་གྲམ་དམར་པོ་ཚོགས་པའི་བཅའ་ཁྲིམས》ལག་བསྟར་བྱ་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས།


  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-12

    (2000ལོའི་ཟླ་11ཚེས་29ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བདུན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་དྲུག་པའི་ཐོག་གྲོས་འཆམ་བྱུང་བ་དང་། 2010ལོའི་ཟླ་7ཚེས་30ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བདུན་པའི་ཐོག་དག་བཅོས་བྱས་པ། 2025ལོའི་ཟླ་9ཚེས་25ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་དགུ་པའི་ཐོག་བསྐྱར་བཅོས་བྱས)

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

    〔2025〕ཡིག་ཨང་10པ།

    《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱ་གྲམ་དམར་པོ་ཚོགས་པའི་བཅའ་ཁྲིམས〉ལག་བསྟར་བྱ་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས》འདི་2025ལོའི་ཟླ་9ཚེས་25ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་དགུ་པའི་ཐོག་བསྐྱར་བཅོས་བྱས་ནས་གྲོས་འཆམ་བྱུང་དོན་བཞིན། ད་ལྟ་སྤྱི་བསྒྲགས་སྤེལ་རྒྱུ་ཡིན་པས། 2026ལོའི་ཟླ་དང་པོའི་ཚེས་1ཉིན་ནས་ལག་བསྟར་བྱེད་དགོས།

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།

    2025ལོའི་ཟླ་9ཚེས་25ལ།

    དཀར་ཆག

    ལེའུ་དང་པོ། སྤྱིའི་རྩ་དོན།

    ལེའུ་གཉིས་པ། རྩ་འཛུགས་དང་འགན་འཁྲི།

    ལེའུ་གསུམ་པ། རྒྱུ་ནོར་དང་ལྟ་སྡོམ།

    ལེའུ་བཞི་པ། འགན་སྲུང་བྱ་ཐབས།

    ལེའུ་ལྔ་པ། བཅའ་ཁྲིམས་ཀྱི་འགན་འཁྲི།

    ལེའུ་དྲུག་པ། ཞར་བྱུང་།

    ལེའུ་དང་པོ། སྤྱིའི་རྩ་དོན།

    དོན་ཚན་དང་པོ། མིའི་ཚེ་སྲོག་དང་བདེ་ཐང་ལ་སྲུང་སྐྱོབ་བྱེད་པ་དང་། མིའི་ལ་རྒྱར་སྲུང་སྐྱོང་བྱེད་པ། མི་ཆོས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། རྒྱ་གྲམ་དམར་པོ་ཚོགས་པས་ཁྲིམས་བཞིན་འགན་འཁྲི་བསྒྲུབ་པར་འགན་སྲུང་དང་ཚད་ལྡན་དུ་གཏོང་བ་བཅས་བྱས་ནས་རྒྱ་གྲམ་དམར་པོའི་བྱ་གཞག་སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱ་གྲམ་དམར་པོ་ཚོགས་པའི་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གཞིར་བཟུང་། རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་བྱ་ཐབས་འདི་བཟོས་པ་ཡིན།

    དོན་ཚན་གཉིས་པ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་གི་རྒྱ་གྲམ་དམར་པོའི་ལས་དོན་དང་དེའི་འབྲེལ་ཡོད་བྱེད་སྒོར་བྱ་ཐབས་འདི་སྤྱད་ན་འཐུས།

    དོན་ཚན་གསུམ་པ། རྒྱ་གྲམ་དམར་པོའི་བྱ་གཞག་གོང་འཕེལ་གཏོང་བར། ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་རྒྱུ་གཙོ་རྐང་དུ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་སྣེ་ཁྲིད་བྱས་ཏེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་ལེན་མཐར་ཕྱིན་བསྟར་ནས་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་ཡོང་བར་ཞབས་ཞུ་སྒྲུབ་དགོས།

    དོན་ཚན་བཞི་པ། རང་སྐྱོང་ལྗོངས་རིམ་ཁག་རྒྱ་གྲམ་དམར་པོ་ཚོགས་པ་ནི་ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་ས་གནས་ཀྱི་རྩ་འཛུགས་ཤིག་དང་། མི་ཆོས་རིང་ལུགས་ཀྱི་བྱ་བ་སྒྲུབ་མཁན་གྱི་སྤྱི་ཚོགས་རོགས་སྐྱོབ་ཚོགས་པ་ཞིག་ཡིན་པས། ཁྲིམས་བཞིན་སྤྱི་ཚོགས་ཚོགས་པའི་ཁྲིམས་ཚན་གྱི་འོས་ཐོབ་རག་དགོས།

    རྒྱ་གྲམ་དམར་པོ་ཚོགས་པས་ངེས་པར་དུ་སྤུས་ཚད་མཐོ་བའི་གོང་འཕེལ་ལ་དམིགས་ནས་སྤྱི་མོས་ཐོབ་ཚད་ལ་ཤུགས་སྣོན་རྒྱག་པ་དང་། མི་ཆོས་ཞབས་ཞུ་སྒྲུབ་ནུས་ཆེ་རུ་གཏོང་བ། ནང་ཁུལ་བཅོས་སྐྱོང་གྲུབ་ཆ་འཐུས་ཚང་དུ་གཏོང་བ། ནུས་ཕྱོད་ཆེ་ཞིང་གསལ་ཆ་དང་ཚད་གཞི་ལྡན་པའི་དོ་དམ་སྒྲིག་གཞི་དང་འཁོར་སྐྱོད་ལམ་སྲོལ་འཛུགས་པ་བཅས་བྱས་ཏེ། མི་དམངས་སྲིད་གཞུང་ལ་གཞོགས་འདེགས་ཀྱིས་རང་འཁྲིའི་ལས་འགན་དང་འབྲེལ་བ་ཡོད་པའི་མི་ཆོས་རིང་ལུགས་ཀྱི་ཞབས་ཞུའི་བྱེད་སྒོ་སྤེལ་ཞིང་། ཁྲིམས་ལུགས་ཁྲིམས་སྲོལ་དང་ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་སྒྲིག་ཡིག་གཞིར་བཟུང་ལས་དོན་སྤེལ་བ་དང་ལྟ་སྐུལ་དང་ལེན་ཞུ་དགོས།

    དོན་ཚན་ལྔ་པ། ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་སྒྲིག་ཡིག་ཁས་བླངས་པ་མ་ཟད་ཚོགས་དངུལ་འཇལ་མཁན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཡིན་ཕྱིན། རང་མོས་ཐོག་རྒྱ་གྲམ་དམར་པོ་ཚོགས་པའི་སྒེར་གྱི་ཚོགས་མིར་རེ་ཞུ་བྱས་ཆོག

    ཁེ་ལས་དང་། བྱ་གཞག་ཚན་པ། དེ་བཞིན་འབྲེལ་ཡོད་ཚོགས་པས་རྒྱ་གྲམ་དམར་པོ་ཚོགས་པའི་ཚོགས་ཞུགས་ཚན་པར་རེ་ཞུ་བྱས་ཆོག

    དོན་ཚན་དྲུག་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རྒྱ་གྲམ་དམར་པོའི་བྱ་གཞག་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱས་ནས། རྒྱ་གྲམ་དམར་པོའི་བྱ་གཞག་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་འཆར་འགོད་ནང་འཇུག་པ་དང་། དེར་མཁོ་བའི་འགྲོ་གྲོན་རྣམས་རིམ་པ་དེ་གའི་ནོར་སྲིད་སྔོན་རྩིས་ནང་བཅུག་ནས། རྒྱ་གྲམ་དམར་པོ་ཚོགས་པས་ཁྲིམས་བཞིན་འགན་འཁྲི་སྒྲུབ་པར་འགན་སྲུང་བྱེད་དགོས།

    རྫོང་རིམ་ཡན་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་རང་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་ནང་རྒྱ་གྲམ་དམར་པོ་ཚོགས་པས་ལས་དོན་སྒྲུབ་པར་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་དགོས།

    དོན་ཚན་བདུན་པ། རྒྱ་གྲམ་དམར་པོའི་སྤྱི་ཕན་བྱ་གཞག་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ་ནི་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན། རང་བྱུང་མི་དང་། ཁྲིམས་ཚན། དེ་བཞིན་རྩ་འཛུགས་གཞན་དག་བཅས་རྒྱ་གྲམ་དམར་པོའི་དང་བླངས་ཞབས་ཞུའི་ནང་ཞུགས་རྒྱུར་སྐུལ་ལྕག་གཏོང་དགོས།

    ཚགས་དེབ་དང་། རླུང་འཕྲིན། བརྙན་འཕྲིན། དྲ་རྒྱ་སོགས་སྨྱན་སྦྱོར་གྱིས་ངེས་པར་དུ་ཁྲིམས་བཞིན་རྒྱ་གྲམ་དམར་པོའི་སྤྱི་ཕན་བྱ་གཞག་དྲིལ་བསྒྲགས་བྱ་རྒྱུ་མ་ཟད། རྒྱ་གྲམ་དམར་པོའི་སྤྱི་ཕན་བརྡ་ཁྱབ་འགོད་གཏོང་བྱེད་དགོས་པ་དང་། ལས་ཁུངས་དང་། ཚོགས་པ། ཁེ་ལས་བྱ་གཞག་ཚན་པ་བཅས་དང་། དེ་བཞིན་རྩ་འཛུགས་གཞན་དག་གིས་ངེས་པར་དུ་རྒྱ་གྲམ་དམར་པོ་ཚོགས་པར་སྤྱི་ཕན་དྲིལ་བསྒྲགས་བྱེད་སྒོ་སྤེལ་རོགས་བྱེད་དགོས།

    དོན་ཚན་བརྒྱད་པ། རྒྱ་གྲམ་དམར་པོའི་བྱ་གཞག་གོང་འཕེལ་གཏོང་བའི་ཁྲོད་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་ཚན་པ་དང་མི་སྒེར་ལ་རྫོང་རིམ་ཡན་མི་དམངས་སྲིད་གཞུང་ངམ་ཡང་ན་རྒྱ་གྲམ་དམར་པོ་ཚོགས་པས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་གཟེངས་བསྟོད་དང་བྱ་དགའ་སྤྲོད་དགོས།

    ལེའུ་གཉིས་པ། རྩ་འཛུགས་དང་འགན་འཁྲི།

    དོན་ཚན་དགུ་པ། རང་སྐྱོང་ལྗོངས་ཀྱིས་རྒྱ་གྲམ་དམར་པོ་ཚོགས་པའི་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་སྲིད་འཛིན་ས་ཁོངས་གཞིར་བཟུང་། རང་སྐྱོང་ལྗོངས་དང་། ཆུས་བཙུགས་པའི་གྲོང་ཁྱེར(ས་གནས) རྫོང་(ཆུས་དང་གྲོང་ཁྱེར)བཅས་ཀྱི་རྒྱ་གྲམ་དམར་པོ་ཚོགས་པ་བཙུགས་ནས། ལས་ཀའི་དགོས་མཁོ་དངོས་ལ་གཞིགས་ནས་ཆེད་གཉེར་ལས་བྱ་བཀོད་སྒྲིག་བྱེད་དགོས།

    ཤང་གྲོང་རྡལ(ཁྲོམ་གཞུང་)དང་། གྲོང་ཚོ(སྡེ་ཁུལ) སློབ་གྲྭ། སྨན་བཅོས་ལས་ཚན་སོགས་ཁེ་ལས་དང་བྱ་གཞག་ཚན་པ། དེ་བཞིན་རྩ་འཛུགས་གཞན་དག་བཅས་ཀྱིས་རྒྱ་གྲམ་དམར་པོ་ཚོགས་པའི་གཞི་རིམ་རྩ་འཛུགས་བཙུགས་ཆོག་པ་དང་། དགོས་མཁོ་ལ་གཞིགས་ནས་ལས་བྱ་བཀོད་སྒྲིག་བྱ་རྒྱུ་མ་ཟད། དེས་ལས་དོན་སྤེལ་རྒྱུར་དགོས་ངེས་ཀྱི་བྱེད་སྒོ་སྤེལ་ཡུལ་དང་འགྲོ་གྲོན་སོགས་ཆ་རྐྱེན་སྐྲུན་དགོས།

    གོང་རིམ་རྒྱ་གྲམ་དམར་པོ་ཚོགས་པས་འོག་རིམ་རྒྱ་གྲམ་དམར་པོ་ཚོགས་པའི་ལས་དོན་ལ་མཛུབ་ཁྲིད་བྱེད་དགོས་པ་དང་། རྒྱ་གྲམ་དམར་པོ་ཚོགས་པའི་གཞི་རིམ་རྩ་འཛུགས་ཀྱིས་རིམ་མཚུངས་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་དང་གོང་རིམ་རྒྱ་གྲམ་དམར་པོ་ཚོགས་པའི་མཛུབ་ཁྲིད་དང་ལེན་ཞུ་དགོས།

    དོན་ཚན་བཅུ་པ། རྒྱ་གྲམ་དམར་པོ་ཚོགས་པས་ངེས་པར་དུ་ཁྲིམས་བཞིན་ལས་འཛིན་ལྷན་ཚོགས་དང་ལྟ་བཤེར་ལྷན་ཚོགས་འཛུགས་དགོས།

    ལས་འཛིན་ལྷན་ཚོགས་དང་ལྟ་བཤེར་ལྷན་ཚོགས་དེ་ཚོགས་མིའི་འཐུས་མི་ཚོགས་ཆེན་ཐོག་བདམས་ཐོན་བྱ་རྒྱུ་དང་། ཚོགས་མིའི་འཐུས་མི་ཚོགས་ཆེན་ལ་འགན་འཁུར་དགོས་པ་མ་ཟད་ལས་དོན་སྙན་སེང་ཞུ་དགོས་པ་དང་སྦྲགས། དེའི་ལྟ་སྐུལ་དང་ལེན་ཞུ་དགོས།

    དོན་ཚན་བཅུ་གཅིག་པ། རྒྱ་གྲམ་དམར་པོ་ཚོགས་པས་ངེས་པར་དུ་རྒྱ་གྲམ་དམར་པོའི་འཕྲལ་བསྟུན་རོགས་སྐྱོབ་མ་ལག་དང་མི་ཆོས་རོགས་སྐྱོབ་ལམ་སྲོལ་བཟོ་བ་དང་། དོན་དངོས་ལ་གཞིགས་ནས་འཕྲལ་བསྟུན་རོགས་སྐྱོབ་དཔུང་ཁག་འཛུགས་པ། འཕྲལ་བསྟུན་སྔོན་ཇུས་བཟོ་བ། རྒུད་སྐྱོབ་དངོས་ཟོག་གྲབས་གསོག་བྱེད་པ་བཅས་ཀྱི་ཐོག་ནས་རང་བྱུང་གནོད་འཚེ་དང་། བྱུར་རྐྱེན་གོད་ཆག སྤྱི་པའི་འཕྲོད་བསྟེན་གྱི་དོན་རྐྱེན། སྤྱི་ཚོགས་བདེ་འཇགས་ཀྱི་དོན་རྐྱེན་སོགས་ཐོལ་བྱུང་དོན་རྐྱེན་བྱུང་ནས་རྨས་སྐྱོན་ཕོག་པའི་མི་དང་གནོད་འཚེ་ཕོག་མཁན་གཞན་དག་ལ་འཕྲལ་བསྟུན་རོགས་སྐྱོབ་བྱེད་དགོས་ཤིང་། དཀའ་ངལ་སེལ་རོགས་དང་། རྒན་རྒོན་ལ་རོགས་རམ། དྭ་ཕྲུག་ལ་རོགས་སྐྱོབ། དབང་སྐྱོན་ལ་རོགས་སྐྱོར། སློབ་མར་རོགས་སྐྱོར་སོགས་མི་ཆོས་ལྡན་པའི་རོགས་སྐྱོབ་བྱེད་སྒོ་སྤེལ་དགོས།

    དོན་ཚན་བཅུ་གཉིས་པ། རྒྱ་གྲམ་དམར་པོ་ཚོགས་པས་ངེས་པར་དུ་རྒྱ་གྲམ་དམར་པོའི་འཕྲལ་བསྟུན་མྱུར་སྐྱོབ་ཀྱི་སྦྱོང་བརྡར་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། ཞབས་ཞུའི་ས་ཚིགས་གཅིག་གྱུར་འཆར་འགོད་ཀྱིས་བཀོད་སྒྲིག་བྱེད་པ་དང་། འཕྲལ་བསྟུན་མྱུར་སྐྱོབ་དང་། གནོད་འགོག་ཉེན་གཡོལ། འཕྲོད་བསྟེན་བདེ་ཐང་བཅས་ཀྱི་ཤེས་བྱ་ཁྱབ་གདལ་གཏོང་བ། འཕྲལ་བསྟུན་མྱུར་སྐྱོབ་ཀྱི་རྩལ་ནུས་སྦྱོང་བརྡར་སྤྲོས་པ། དང་བླངས་པ་སྒྲིག་འཛུགས་བྱས་ནས་ས་ཡུལ་དངོས་ཀྱི་མྱུར་སྐྱོབ་ནང་ཞུགས་སུ་འཇུག་པ་བཅས་བྱེད་དགོས།

    དོན་ཚན་བཅུ་གསུམ་པ། རྒྱ་གྲམ་དམར་པོ་ཚོགས་པས་ངེས་པར་དུ་རིན་མེད་ཁྲག་འབུལ་བྱ་རྒྱུའི་དྲིལ་བསྒྲགས་སྐུལ་སློང་དང་གཟེངས་བསྟོད་བྱ་དགའ་སྤྲོད་པའི་ལས་ཀར་ཞུགས་པ་དང་སྦྲགས་དེར་སྐུལ་འདེད་གཏོང་དགོས་ཤིང་། སྐུ་ཕུང་དང་མིའི་དབང་པོ་ཞལ་འདེབས་སུ་འབུལ་རྒྱུའི་དྲིལ་བསྒྲགས་སྐུལ་སློང་དང་། འདོད་མོས་ཐོ་འགོད། ཞལ་འདེབས་ཀྱི་བདེན་དཔང་། རྗེས་དྲན་དྲན་གསོ། མི་ཆོས་ལྡན་པའི་ཐུགས་ཁུར་སོགས་ཀྱི་ལས་ཀར་ཞུགས་པ་དང་སྦྲགས་དེར་སྐུལ་འདེད་བཏང་ནས་མིའི་དབང་པོ་ཞལ་འདེབས་སུ་འབུལ་མཁན་རྩ་འཛུགས་མ་ལག་དང་མཐུན་སྦྱོར་པའི་དཔུང་ཁག་གི་འཛུགས་སྐྱོང་དང་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་པ། ཁྲག་བཟོའི་ཕྲ་ཕུང་ཨ་མ་ཞལ་འདེབས་སུ་འབུལ་རྒྱུའི་དྲིལ་བསྒྲགས་སྐུལ་སློང་དང་། ཆ་འཕྲིན་ཐོ་འགོད། དང་བླངས་ཞབས་ཞུ་སོགས་ཀྱི་ལས་དོན་ནང་ཞུགས་དགོས།

    དོན་ཚན་བཅུ་བཞི་པ། རྒྱ་གྲམ་དམར་པོ་ཚོགས་པས་ངེས་པར་དུ་རྒྱ་གྲམ་དམར་པོའི་དང་བླངས་ཞབས་ཞུའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། དང་བླངས་ཞབས་ཞུའི་དོ་དམ་ཚད་ལྡན་བཟོ་བ། དང་བླངས་པའི་སྦྱོང་བརྡར་སྒྲིག་འཛུགས་བཅས་བྱས་ནས་རྒྱ་གྲམ་དམར་པོའི་ཁྱད་ཆོས་ལྡན་པའི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་དང་། དང་བླངས་ཞབས་ཞུའི་བྱེད་སྒོའི་ནང་དང་བླངས་པ་ཞུགས་རྒྱུར་དགོས་ངེས་ཀྱི་ཆ་རྐྱེན་བསྐྲུན་དགོས།

    རྒྱ་གྲམ་དམར་པོ་ཚོགས་པས་འཕྲལ་བསྟུན་རོགས་སྐྱོབ་སོགས་མི་ལུས་ལ་ཉེན་ཁ་འབྱུང་སྲིད་པའི་དང་བླངས་ཞབས་ཞུའི་བྱེད་སྒོར་དང་བླངས་པ་ཞུགས་སུ་མ་བཅུག་གོང་། ངེས་པར་དུ་དང་བླངས་པར་བསམ་ཡུལ་ལས་འདས་པའི་མི་ལུས་རྨས་སྐྱོན་གྱི་བབ་མཚུངས་འགན་བཅོལ་ཉོ་དགོས་པ་མ་ཟད། མི་སྒེར་གྱི་དགོས་ངེས་འགོག་སྲུང་སྒྲིག་ཆས་ཀྱང་མཁོ་འདོན་བྱེད་དགོས།

    དོན་ཚན་བཅོ་ལྔ་པ། རྒྱ་གྲམ་དམར་པོ་ཚོགས་པས་ངེས་པར་དུ་རྒྱ་གྲམ་དམར་པོའི་གཞོན་ནུ་ལོ་ཆུང་གི་ལས་ཀར་ཤུགས་སྣོན་བརྒྱབ་སྟེ། རྒྱ་གྲམ་དམར་པོའི་གཞི་རྩའི་ཤེས་བྱ་ཁྱབ་སྤེལ་གཏོང་དགོས་ཤིང་། བདེ་འཇགས་བདེ་ཐང་དང་། འཕྲལ་བསྟུན་མྱུར་སྐྱོབ། ཚེ་སྲོག་སློབ་གསོ་སོགས་ཀྱི་ཤེས་བྱ་དང་རྩལ་ནུས་ཁྱབ་གདལ་གཏོང་དགོས་པ་དང་། གཞོན་ནུ་ལོ་ཆུང་གི་ཁྱད་ཆོས་དང་འཚམ་ཞིང་རྒྱ་གྲམ་དམར་པོའི་སྙིང་སྟོབས་མཚོན་པའི་སློབ་གསོ་ལག་ལེན་གྱི་བྱེད་སྒོ་སྤེལ་དགོས།

    དོན་ཚན་བཅུ་དྲུག་པ། རྒྱ་གྲམ་དམར་པོ་ཚོགས་པས་རྒན་གསོའི་ཞབས་ཞུ་སྒྲུབ་མཁན་གྱི་ཤེས་བྱ་རྩལ་ནུས་ཀྱི་སྦྱོང་བརྡར་དང་། གསོ་བཅོས་ཟུང་འབྲེལ་གྱི་ཞབས་ཞུ། རྒན་གསོའི་དང་བླངས་ཞབས་ཞུ། སྤྱི་ཕན་རང་བཞིན་གྱི་རྒན་གསོའི་ལས་ཚན་འཛུགས་གཉེར། རྒན་རྒོན་ལ་སྤྱི་ཕན་རོགས་སྐྱོབ་བྱེད་པའི་རྣམ་གྲངས་བཅས་ཀྱི་ནང་ཞུགས་པ་སོགས་བྱེད་ཐབས་སྤྱད་དེ་རྒན་གསོའི་ཞབས་ཞུའི་ལས་དོན་ལ་སྐུལ་འདེད་གཏོང་དགོས།

    དོན་ཚན་བཅུ་བདུན་པ། རྒྱ་གྲམ་དམར་པོ་ཚོགས་པའི་གཞི་རིམ་རྩ་འཛུགས་ཀྱིས་ཚོགས་མི་དང་དང་བླངས་པ་འཕེལ་རྒྱས་གཏོང་འགན་ཁུར་ཏེ། རྒྱ་གྲམ་དམར་པོའི་གཞི་རྩའི་ཤེས་བྱ་དང་མང་ཚོགས་རང་བཞིན་གྱི་བདེ་ཐང་ཤེས་བྱ་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་བ་དང་། འཕྲལ་བསྟུན་མྱུར་སྐྱོབ་སྦྱོང་བརྡར་སྤྲོས་པ། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་དང་རྒྱ་གྲམ་དམར་པོའི་དམིགས་ཡུལ་དང་འཚམ་པའི་བྱེད་སྒོ་གཞན་དག་སྤེལ་བ། དེ་བཞིན་གཞི་རིམ་བཅོས་སྐྱོང་ནང་ཞུགས་ནས་དམངས་འཚོའི་བདེ་སྡུག་ཞུ་བ་དང་། སྤྱི་ཚོགས་ཀྱི་འགལ་ཟླ་སེལ་བ། གཞི་རིམ་མང་ཚོགས་ལ་འབྲེལ་འདྲིས་དང་ཞབས་ཞུ་སྒྲུབ་པ་སོགས་ཀྱི་ནུས་པ་འདོན་དགོས།

    ལེའུ་གསུམ་པ། རྒྱུ་ནོར་དང་ལྟ་སྡོམ།

    དོན་ཚན་བཅོ་བརྒྱད་པ། རྒྱ་གྲམ་དམར་པོ་ཚོགས་པས་ཁྲིམས་བཞིན་ཐེབས་རྩ་ལྷན་ཚོགས་སམ་ཡང་ན་ཆེད་དམིགས་ཐེབས་རྩ་བཙུགས་ཏེ། སྨན་བཅོས་རོགས་སྐྱོབ་དང་། སློབ་གསོ་ཡར་སྐུལ། མུག་སྐྱོབ་རྒུད་སྐྱོབ་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུའི་ཐད་སྤྱད་ཆོག

    དོན་ཚན་བཅུ་དགུ་པ། རྒྱ་གྲམ་དམར་པོ་ཚོགས་པས་ཡོངས་བསྒྲགས་སུ་ཞལ་འདེབས་བསྡུ་བ་དང་ཁ་ཕྱོགས་གཏན་འཁེལ་གྱི་ཞལ་འདེབས་བསྡུ་བའི་ལས་དོན་ཁྲིམས་བཞིན་སྤེལ་ཆོག་པ་སྟེ། ཡོངས་བསྒྲགས་སུ་ཞལ་འདེབས་བསྡུ་སྐབས་ངེས་པར་དུ་རིམ་མཚུངས་མི་དམངས་སྲིད་གཞུང་དམངས་སྲིད་སྡེ་ཚན་གྱིས་སྤྲད་པའི་ཡོངས་བསྒྲགས་སུ་ཞལ་འདེབས་བསྡུ་བའི་འོས་ཐོབ་ལག་ཁྱེར་རག་དགོས། ཡོངས་བསྒྲགས་སུ་ཞལ་འདེབས་བསྡུ་བའི་བྱེད་སྒོ་མ་སྤེལ་གོང་ངེས་པར་དུ་ཞལ་འདེབས་བསྡུ་རྒྱུའི་ཇུས་གཞི་བཟོ་དགོས་པ་མ་ཟད། རིམ་མཚུངས་མི་དམངས་སྲིད་གཞུང་དམངས་སྲིད་སྡེ་ཚན་ལ་སྙན་དཔོད་ཞུ་དགོས།

    རྒྱ་གྲམ་དམར་པོ་ཚོགས་པའི་གཞི་རིམ་རྩ་འཛུགས་ཀྱིས་རྒྱ་གྲམ་དམར་པོ་ཚོགས་པར་ཞལ་འདེབས་བསྡུ་བའི་བྱེད་སྒོ་སྤེལ་རོགས་བྱས་ཆོག

    དོན་ཚན་ཉི་ཤུ་པ། རྒྱ་གྲམ་དམར་པོ་ཚོགས་པས་རང་བྱུང་མི་དང་། ཁྲིམས་ཚན། དེ་བཞིན་རྩ་འཛུགས་གཞན་དག་བཅས་ནས་ཞལ་འདེབས་ཕུལ་བའི་དངུལ་དངོས་ཁྲིམས་བཞིན་དང་ལེན་ཞུ་སྐབས། ངེས་པར་དུ་ཞལ་འདེབས་འབུལ་མཁན་ལ་ནོར་སྲིད་སྡེ་ཚན་གྱིས་གཅིག་གྱུར་ཐོག་ལྟ་ཞིབ(པར་འདེབས)བཟོ་སྒྲིག་བྱས་པའི་སྤྱི་ཕན་བྱ་གཞག་གི་ཞལ་འདེབས་འཛིན་ཤོག་འབྲི་སྤྲོད་བྱེད་དགོས། ཞལ་འདེབས་འབུལ་མཁན་གྱིས་རང་མིང་མ་བཀོད་པའམ་ཡང་ན་ཞལ་འདེབས་འཛིན་ཤོག་མ་བླངས་ཚེ། རྒྱ་གྲམ་དམར་པོ་ཚོགས་པས་ངེས་པར་དུ་འབྲེལ་ཡོད་ཟིན་ཐོ་ཡག་པོ་བཀོད་དེ་དཔྱད་བཤེར་བྱེད་སྐབས་སྟོན་རྒྱུ་ཡོད་པ་བྱེད་དགོས།

    དོན་ཚན་ཉེར་གཅིག་པ། རྒྱ་གྲམ་དམར་པོ་ཚོགས་པས་ངེས་པར་དུ་ཞལ་འདེབས་བསྡུ་རྒྱུའི་ཇུས་གཞི་དང་། ཞལ་འདེབས་འབུལ་མཁན་གྱི་འདོད་བློའམ་ཡང་ན་ཞལ་འདེབས་འབུལ་རྒྱུའི་གྲོས་མཐུན་གཞིར་བཟུང་རྒྱ་གྲམ་དམར་པོ་ཚོགས་པ་རང་གིས་དང་ལེན་བྱས་པའི་ཞལ་འདེབས་རྒྱུ་ནོར་ཐག་གཅོད་བྱེད་དགོས། ཞལ་འདེབས་རྒྱུ་ནོར་གྱི་སྤྱོད་སྒོ་བསྒྱུར་དགོས་ཚེ། ངེས་པར་དུ་ཡིག་ཐོག་ནས་ཞལ་འདེབས་འབུལ་མཁན་གྱི་མོས་མཐུན་ཐོབ་པ་བྱེད་དགོས།

    ཞལ་འདེབས་འབུལ་མཁན་ལ་རང་སོ་སོས་ཞལ་འདེབས་ཕུལ་བའི་རྒྱུ་ནོར་དོ་དམ་དང་བེད་སྤྱོད་བྱས་ཚུལ་གྱི་དཔྱད་ཡིག་འདྲི་རྩད་དང་འདྲ་བཤུས་བྱེད་དབང་ཡོད། ཞལ་འདེབས་དང་ལེན་བྱེད་མཁན་རྒྱ་གྲམ་དམར་པོ་ཚོགས་པས་ངེས་པར་དུ་ལས་ཉིན་བཅོ་ལྔའི་ནང་ཚུན་དུ་ཞལ་འདེབས་འབུལ་མཁན་ལ་འབྲེལ་ཡོད་གནས་ཚུལ་ཞུ་དགོས།

    རྒྱ་གྲམ་དམར་པོ་ཚོགས་པས་ཞལ་འདེབས་བསྡུ་རྒྱུའི་ཇུས་གཞི་དང་། ཞལ་འདེབས་འབུལ་མཁན་གྱི་འདོད་བློའམ་ཡང་ན་ཞལ་འདེབས་འབུལ་རྒྱུའི་གྲོས་མཐུན་བཅས་ཀྱི་ནང་ཁ་ཆད་བྱས་པའི་སྤྱོད་སྒོ་ལས་འགལ་ཏེ། ཞལ་འདེབས་ཕུལ་བའི་རྒྱུ་ནོར་གང་བྱུང་དུ་སྤྱད་ཚེ། ཞལ་འདེབས་འབུལ་མཁན་གྱིས་དེར་ཡོ་བསྲང་བྱ་རྒྱུའི་བླང་བྱ་འདོན་དབང་ཡོད། ཡོ་བསྲང་མ་བྱས་ཚེ། ཞལ་འདེབས་འབུལ་མཁན་གྱིས་མི་དམངས་སྲིད་གཞུང་དམངས་སྲིད་སྡེ་ཚན་ལ་ཞུ་གཏུག་དང་ཐེར་འདོན་བྱེད་པའམ་ཡང་ན་མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་བྱས་ཆོག

    དམིགས་བྱ་ཞིབ་ཕྲ་མེད་པའི་ཞལ་འདེབས་རྒྱུ་ནོར་ཡིན་ཕྱིན། རྒྱ་གྲམ་དམར་པོ་ཚོགས་པས་བྱ་གཞག་དང་རོགས་སྐྱོབ་ཀྱི་དགོས་མཁོ་གཞིར་བཟུང་ཁྲིམས་བཞིན་སྤྱད་ཆོག་པ་མ་ཟད། ཞལ་འདེབས་འབུལ་མཁན་ལ་དུས་ཐོག་ཏུ་བེད་སྤྱོད་བྱས་ཚུལ་ཞུ་དགོས།

    དོན་ཚན་ཉེར་གཉིས་པ། རྒྱ་གྲམ་དམར་པོ་ཚོགས་པས་ངེས་པར་དུ་ཞལ་འདེབས་མ་དངུལ་བེད་སྤྱོད་གང་ལེགས་དང་ཕན་པ་ཆེན་པོ་ཐོབ་པ་བྱས་ཐོག དོ་དམ་གྲོན་དངུལ་དང་ཞལ་འདེབས་མ་གནས་སོགས་དགོས་མཁོ་ཆེ་བའི་རྩ་དོན་ལ་བརྩི་སྲུང་ཞུས་ཏེ་གྲོན་ཆུང་བསྲི་ཚགས་ཀྱིས་དགོས་མེད་འགྲོ་སོང་ཉུང་དུ་གཏོང་དགོས།

    རྒྱ་གྲམ་དམར་པོ་ཚོགས་པས་ཞལ་འདེབས་མ་དངུལ་སྤྱད་དེ་མི་ཆོས་རོགས་སྐྱོབ་ལས་དོན་སྤེལ་བར་བཏང་བའི་དངོས་ཡོད་མ་གནས་ཁོངས་སུ་རྣམ་གྲངས་ཀྱི་གདན་ཞུས་མི་སྣའི་གླ་ཆ་དང་། དང་བླངས་པའི་ཁ་གསབ་དང་འགན་བཅོལ། རྣམ་གྲངས་དོ་དམ་ཐད་བཏང་བའི་ཟོག་འགྲུལ་དང་འགྲིམ་འགྲུལ་སོགས་ཀྱི་འགྲོ་གྲོན་ཚུད་ཡོད། དེ་དག་ཞལ་འདེབས་མ་དངུལ་ཁྲོད་ནས་དོན་དངོས་ཇི་བཞིན་འགྲོ་སྒོ་བཏང་ཆོག་པ་མ་ཟད། ངེས་པར་དུ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་དགོས།

    ཞལ་འདེབས་མ་དངུལ་ཁྲོད་ནས་དངོས་ཡོད་མ་གནས་ཀྱི་འགྲོ་སྒོ་གཏོང་བར། ངེས་པར་དུ་འགྲོ་སྒོ་གཏོང་རྒྱུའི་དངུལ་གྲངས་དང་བེད་སྤྱོད་བྱེད་ཁོངས་ཚོད་འཛིན་ནན་པོ་བྱེད་དགོས། ཞལ་འདེབས་མ་དངུལ་དེ་རྒྱ་གྲམ་དམར་པོ་ཚོགས་པའི་ལས་ཚན་དང་དེའི་སྒྲིག་ཁོངས་མི་སྣའི་འགྲོ་གྲོན་ཐད་སྤྱོད་མི་ཆོག

    དོན་ཚན་ཉེར་གསུམ་པ། རྒྱ་གྲམ་དམར་པོ་ཚོགས་པས་ངེས་པར་དུ་ནོར་དོན་དོ་དམ་དང་། ནང་ཁུལ་ཚོད་འཛིན། རྩིས་བཤེར་ཡོངས་བསྒྲགས། ལྟ་སྡོམ་ཞིབ་བཤེར་བཅས་ཀྱི་ལམ་ལུགས་བཟོས་ཏེ། ནོར་སྲིད་ནས་བཏང་བའི་མ་དངུལ་དང་། སྤྱི་ཚོགས་ནས་ཞལ་འདེབས་ཕུལ་བའི་མ་དངུལ། ཚོགས་མིའི་ཚོགས་དངུལ་སོགས་ལོགས་བཀར་དོ་དམ་དང་ཆེད་དངུལ་ཆེད་སྤྱོད་བྱེད་དགོས་པ་མ་ཟད། དང་ལེན་བྱས་པའི་ཞལ་འདེབས་མ་དངུལ་ལ་ངེས་པར་དུ་དངུལ་ཁང་གི་ཆེད་འཇོག་རྩིས་ཁུངས་བཟོ་བ་དང་། ཆེད་སྤྱོད་རྩིས་ཐོ་བཟོས་ནས་དོ་དམ་བྱེད་དགོས།

    རྒྱ་གྲམ་དམར་པོ་ཚོགས་པས་མངའ་ཁོངས་ཕྱི་ནས་བླངས་པའི་ཞལ་འདེབས་དངུལ་དངོས་ལ་ངེས་པར་དུ་ཆེད་དམིགས་ཞིབ་བཤེར་ལྟ་སྐུལ་ལམ་ལུགས་བཟོ་དགོས།

    དོན་ཚན་ཉེར་བཞི་པ། རྒྱ་གྲམ་དམར་པོ་ཚོགས་པས་ངེས་པར་དུ་ཆ་འཕྲིན་ཡོངས་བསྒྲགས་ལམ་ལུགས་དང་གསར་འགྱུར་མགྲིན་ཚབ་པའི་ལམ་ལུགས་བཟོས་ནས། གཅིག་གྱུར་གྱི་ཆ་འཕྲིན་ལས་སྟེགས་བརྒྱུད་དེ་མ་དངུལ་བསྡུ་རུབ་དང་། ནོར་དོན་དོ་དམ། འོས་སྐུལ་ཉོ་སྒྲུབ། བགོ་བཤའ་བེད་སྤྱོད་སོགས་ཀྱི་ཆ་འཕྲིན་དུས་ཐོག་ཏུ་ཆ་ཚང་ཞིང་བདེན་ཐུབ་གནད་འཁེལ་གྱི་སྒོ་ནས་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱས་ཏེ་ཞལ་འདེབས་འབུལ་མཁན་དང་སྤྱི་ཚོགས་སྤྱི་དམངས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་དབང་དང་ལྟ་སྐུལ་བྱེད་དབང་འགན་སྲུང་བྱེད་དགོས།

    རྒྱ་གྲམ་དམར་པོ་ཚོགས་པས་ཞལ་འདེབས་རྒྱུ་ནོར་དང་ལེན་དང་། དོ་དམ། བེད་སྤྱོད་བཅས་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་རྩ་འཛུགས་གང་དང་མི་སུ་འདྲ་ཞིག་ཡིན་རུང་ཞུ་གཏུག་དང་ཐེར་འདོན་བྱེད་དབང་ཡོད། ཞུ་གཏུག་དང་ཐེར་འདོན་དང་ལེན་བྱེད་མཁན་སྡེ་ཚན་གྱིས་ངེས་པར་དུ་རང་སོ་སོའི་འགན་འཁྲི་སྒྲུབ་ཁོངས་ནང་དུས་ཐོག་ཏུ་བརྟག་དཔྱད་ཐག་གཅོད་བྱེད་དགོས་པ་མ་ཟད། བརྟག་དཔྱད་ཐག་གཅོད་བྱས་འབྲས་དེ་ཞུ་གཏུག་རྒྱག་མཁན་དང་ཐེར་འདོན་བྱེད་མཁན་ལ་ལན་སྤྲོད་བྱེད་དགོས།

    དོན་ཚན་ཉེར་ལྔ་པ། རྩ་འཛུགས་གང་དང་མི་སུ་འདྲ་ཞིག་ཡིན་རུང་རྒྱ་གྲམ་དམར་པོ་ཚོགས་པའི་རྒྱུ་ནོར་ལྐོག་བགོས་དང་། གཞན་སྤྱོད། བཀག་ཉར་རམ་ཡང་ན་བཙན་བཟུང་བཅས་བྱེད་མི་ཆོག

    རྒྱ་གྲམ་དམར་པོ་ཚོགས་པའི་རྒྱུ་ནོར་ཡོང་འབབ་བྱུང་ཚུལ་དང་བེད་སྤྱོད་བྱས་ཚུལ་ལ་མི་དམངས་སྲིད་གཞུང་གི་རྩིས་བཤེར་སོགས་སྡེ་ཚན་གྱི་ལྟ་སྐུལ་ཁྲིམས་བཞིན་དང་ལེན་ཞུ་དགོས།

    རྒྱ་གྲམ་དམར་པོ་ཚོགས་པས་སྤྱི་ཚོགས་ནས་ཕུལ་བའི་ཞལ་འདེབས་དང་ལེན་དང་བེད་སྤྱོད་བྱས་ཚུལ་ལ་མི་དམངས་སྲིད་གཞུང་དམངས་སྲིད་སྡེ་ཚན་གྱི་ལྟ་སྐུལ་ཁྲིམས་བཞིན་དང་ལེན་ཞུ་དགོས།

    རྒྱ་གྲམ་དམར་པོ་ཚོགས་པས་ངེས་པར་དུ་ཁྲིམས་བཞིན་བཙུགས་པའི་ཕྱོགས་གསུམ་པའི་རང་ཚུགས་ལས་ཚན་དུས་ཐོག་ཏུ་གདན་འདྲེན་ཞུས་ཏེ། ཞལ་འདེབས་སུ་ཕུལ་བའི་དངུལ་དངོས་ཀྱི་ཡོང་འབབ་བྱུང་ཚུལ་དང་བེད་སྤྱོད་བྱས་ཚུལ་ལ་རྩིས་བཤེར་བྱས་ཏེ་རྒྱ་གྲམ་དམར་པོ་ཚོགས་པའི་ལས་འཛིན་ལྷན་ཚོགས་དང་ལྟ་ཞིབ་ལྷན་ཚོགས་ལ་རྩིས་བཤེར་བྱས་འབྲས་སྙན་སེང་ཞུ་དགོས་པ་མ་ཟད། སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་དགོས།

    ལེའུ་བཞི་པ། འགན་སྲུང་བྱ་ཐབས།

    དོན་ཚན་ཉེར་དྲུག་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རྒྱ་གྲམ་དམར་པོ་ཚོགས་པས་རོགས་སྐྱོབ་དང་། མྱུར་སྐྱོབ། ཞལ་འདེབས་འབུལ་བའི་ཞབས་ཞུ། རྒྱ་གྲམ་དམར་པོའི་དང་བླངས་ཞབས་ཞུ། དེ་བཞིན་རྒྱ་གྲམ་དམར་པོའི་གཞོན་ནུ་ལོ་ཆུང་གི་ལས་དོན་དང་རྒན་གསོའི་ཞབས་ཞུ་སོགས་ཀྱི་ལས་དོན་སྤེལ་བར་རྒྱབ་སྐྱོར་བྱེད་དགོས་པ་དང་། རྒྱ་གྲམ་དམར་པོ་ཚོགས་པས་སྨན་བཅོས་དང་། ལུས་གསོ། རྒན་གསོ། དེ་བཞིན་ནད་གཡོག་དང་མྱུར་སྐྱོབ་བཅས་ཀྱི་སྦྱོང་བརྡར་སོགས་རྒྱ་གྲམ་དམར་པོ་ཚོགས་པའི་དམིགས་ཡུལ་དང་འཚམ་པའི་སྤྱི་ཕན་བྱ་གཞག་ཁྲིམས་བཞིན་དར་སྤེལ་གཏོང་བའམ་ཡང་ན་དེའི་ནང་ཞུགས་པར་རྒྱབ་སྐྱོར་བྱེད་དགོས་པ་མ་ཟད། ས་ཆ་དང་ཁྲལ་བསྡུ་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་ཁྲིམས་བཞིན་དོན་འཁྱོལ་བྱེད་དགོས།

    རྒྱ་གྲམ་དམར་པོ་ཚོགས་པས་སྲིད་གཞུང་གི་ཞབས་ཞུ་ཉོ་སྒྲུབ་བྱེད་པ་སོགས་ཀྱི་ཐབས་རྣམ་བརྒྱུད་དེ་སྤྱི་ཚོགས་ཀྱི་སྤྱི་ཕན་བྱ་གཞག་ནང་ཞུགས་པ་དང་གཉེར་བར་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་རྒྱབ་སྐྱོར་བྱེད་དགོས།

    རང་སྐྱོང་ལྗོངས་ཀྱིས་ཁྲིམས་བཞིན་རྒྱན་ཤོག་སྤྱི་ཕན་མ་དངུལ་སྤྱད་དེ་རྒྱ་གྲམ་དམར་པོ་ཚོགས་པས་སྤྱི་ཕན་བྱེད་སྒོ་སྤེལ་བར་རྒྱབ་སྐྱོར་བྱེད་དགོས།

    དོན་ཚན་ཉེར་བདུན་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རྒྱ་གྲམ་དམར་པོའི་འཕྲལ་བསྟུན་མྱུར་སྐྱོབ་མ་ལག་དེ་རང་བྱུང་གནོད་འཚེ་དང་། བྱུར་རྐྱེན་གོད་ཆག སྤྱི་པའི་འཕྲོད་བསྟེན་དོན་རྐྱེན། སྤྱི་ཚོགས་ཀྱི་བདེ་འཇགས་དོན་རྐྱེན་སོགས་ཐོལ་བྱུང་དོན་རྐྱེན་གྱི་འཕྲལ་སྡོམ་དང་ལེན་མ་ལག་ནང་འཇུག་དགོས་པ་དང་། དགོས་མཁོ་དངོས་ལ་གཞིགས་ནས་རྒྱ་གྲམ་དམར་པོའི་གེགས་འགོག་གེགས་སེལ་གྱི་དངོས་ཟོག་གྲབས་གསོག་དང་དེ་བཞིན་མཛོད་ཉར་སྒྲིག་བཀོད་དང་། འཕྲལ་བསྟུན་མྱུར་སྐྱོབ་དཔུང་ཁག ཆ་འཕྲིན་ཅན་སོགས་འཛུགས་སྐྱོང་བྱ་རྒྱུ་དེ་ས་གནས་དེ་གའི་གེགས་འགོག་གེགས་སེལ་གྱི་འཆར་འགོད་ནང་འཇུག་དགོས་པ་མ་ཟད། ཆ་འཕྲིན་དང་དངོས་ཟོག་གྲབས་གསོག་གི་མཉམ་སྤྱོད་ལམ་སྲོལ་བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་དགོས།

    རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རྒྱ་གྲམ་དམར་པོ་ཚོགས་པས་དང་བླངས་པར་བརྟེན་ནས་རིགས་ཁག་གི་རོགས་སྐྱོབ་དཔུང་ཁག་འཛུགས་པ་དང་དམངས་ཁྲོད་མྱུར་སྐྱོབ་ཀྱི་ཆེད་ལས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བར་རྒྱབ་སྐྱོར་བྱེད་དགོས།

    དོན་ཚན་ཉེར་བརྒྱད་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རྒྱ་གྲམ་དམར་པོ་ཚོགས་པར་རྒྱབ་སྐྱོར་བྱས་ནས་རྒྱ་གྲམ་དམར་པོའི་འཕྲལ་བསྟུན་མྱུར་སྐྱོབ་ཀྱི་སྦྱོང་བརྡར་མ་ལག་བཙུགས་ཏེ། འཕྲལ་བསྟུན་མྱུར་སྐྱོབ་ཀྱི་དགེ་འོས་དཔུང་ཁག་ལ་སྦྱོང་བརྡར་སྤྲོས་ཤུགས་ཆེ་རུ་གཏོང་བ་དང་། འཕྲལ་བསྟུན་མྱུར་སྐྱོབ་ཀྱི་ནང་སྦྱོང་བྱེད་དགོས་ལ། སྡེ་ཁུལ་དང་། གྲོང་གསེབ། སློབ་གྲྭ ཁེ་ལས། ལས་ཁུངས་སོགས་ཀྱི་ནང་རྒྱ་གྲམ་དམར་པོ་ཚོགས་པའི་འཕྲལ་བསྟུན་མྱུར་སྐྱོབ་སྦྱོང་བརྡར་སྤེལ་བར་སྐུལ་འདེད་བཏང་ནས། མང་ཚོགས་རང་གིས་རང་སྐྱོབ་པ་དང་ཕན་ཚུན་སྐྱོབ་རེས་བྱེད་པའི་འཇོན་ཐང་ཆེ་རུ་གཏོང་དགོས།

    ངེས་པར་དུ་རྒྱ་གྲམ་དམར་པོ་ཚོགས་པས་བསམ་ཡུལ་ལས་འདས་པའི་རྨས་སྐྱོན་ཕོག་སླ་བའི་སློབ་གསོ་དང་། སྤྱི་པའི་བདེ་འཇགས་སོགས་ཀྱི་ཁྱབ་ཁོངས་དང་དེ་བཞིན་འགྲིམ་འགྲུལ་སྐྱེལ་འདྲེན་དང་། གཏེར་རི། བཟོ་སྐྲུན། གློག་ཤུགས་སོགས་ལས་རིགས་ཁྲོད་འཕྲལ་བསྟུན་མྱུར་སྐྱོབ་ཀྱི་སྦྱོང་བརྡར་སྤེལ་བར་རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་རྒྱབ་སྐྱོར་བྱེད་དགོས།

    དོན་ཚན་ཉེར་དགུ་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་རྒྱ་གྲམ་དམར་པོའི་དང་བླངས་ཞབས་ཞུའི་ལས་དོན་དེ་དང་བླངས་ཞབས་ཞུའི་ལས་དོན་གྱི་སྤྱི་ཡོངས་ཀྱི་འཆར་འགོད་ནང་བཅུག་ཅིང་། རྒྱ་གྲམ་དམར་པོ་ཚོགས་པས་ཆེད་ལས་དང་ཁུལ་ཁོངས་མི་འདྲ་བར་དམིགས་པའི་རྒྱ་གྲམ་དམར་པོའི་དང་བླངས་ཞབས་ཞུའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བར་རྒྱབ་སྐྱོར་བྱེད་དགོས་པ་མ་ཟད། རྒྱ་གྲམ་དམར་པོའི་དང་བླངས་ཞབས་ཞུའི་རྩ་འཛུགས་ཀྱིས་དང་བླངས་ཞབས་ཞུའི་སྦྱོང་བརྡར་དང་ནང་ཁུལ་དོ་དམ་ལ་ཤུགས་སྣོན་རྒྱག་པར་མཛུབ་ཁྲིད་དང་སྐུལ་འདེད་གཏོང་དགོས།

    དོན་ཚན་སུམ་ཅུ་པ། རྫོང་རིམ་ཡན་གྱི་བསམ་པའི་དཔལ་ཡོན་དར་སྤེལ་མཛུབ་སྟོན་ལས་ཚན་གྱིས་ངེས་པར་དུ་རྒྱ་གྲམ་དམར་པོའི་འཕྲལ་བསྟུན་མྱུར་སྐྱོབ་ཀྱི་སྦྱོང་བརྡར་སྤྲོས་པ་དང་། དང་བླངས་ཞབས་ཞུ་སྒྲུབ་པ། རིན་མེད་པར་ཁྲག་འབུལ་བ། ཁྲག་བཟོའི་ཕྲ་ཕུང་ཨ་མ་ཞལ་འདེབས་སུ་འབུལ་བ། སྐུ་ཕུང་དང་མིའི་དབང་པོ་ཞལ་འདེབས་སུ་འབུལ་བ་སོགས་ཀྱི་ལས་དོན་དེ་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ཁོངས་སུ་བཅུག་ནས་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས།

    དོན་ཚན་སོ་གཅིག་པ། འཕྲོད་བསྟེན་བདེ་ཐང་སྡེ་ཚན་གྱིས་ངེས་པར་དུ་ཁྲག་བཟོའི་ཕྲ་ཕུང་ཨ་མ་ཞལ་འདེབས་སུ་འབུལ་བ་དང་། སྐུ་ཕུང་དང་མིའི་དབང་པོ་ཞལ་འདེབས་འབུལ་བའི་ལས་དོན་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱ་གྲམ་དམར་པོ་ཚོགས་པར་རྒྱབ་སྐྱོར་བྱས་ནས་ཞལ་འདེབས་འབུལ་བའི་འབྲེལ་ཡོད་ལས་དོན་ལ་ཁྲིམས་བཞིན་སྐུལ་སྤེལ་གཏོང་དགོས་པ་དང་། ཁྲག་བཟོའི་ཕྲ་ཕུང་ཨ་མ་ཞལ་འདེབས་འབུལ་མཁན་དང་། དེ་བཞིན་སྐུ་ཕུང་དང་མིའི་དབང་པོ་ཞལ་འདེབས་འབུལ་མཁན་གྱི་བཟའ་ཟླ་དང་། ཕ་མ། བུ་ཕྲུག་བཅས་ཀྱིས་ཚེ་གང་རིན་མེད་ཐོག་ཁྲག་སྤྱོད་ཐུབ་པ་མ་ཟད། སྒོ་བསྟེན་སྨན་ཁང་གི་ཨང་འགོག་པའི་རིན་པའང་རྩ་ཆག་གཏོང་དགོས།

    དོན་ཚན་སོ་གཉིས་པ། དམངས་སྲིད་སྡེ་ཚན་གྱིས་ངེས་པར་དུ་སྐུ་ཕུང་དང་མིའི་དབང་པོ་ཞལ་འདེབས་སུ་འབུལ་མཁན་གྱི་གཞི་རྩའི་པུར་འཇུག་གི་ཞབས་ཞུའི་འགྲོ་གྲོན་ཆག་ཡང་དང་རྩ་ཆག་གཏོང་དགོས་པ་དང་། རྒྱ་གྲམ་དམར་པོ་ཚོགས་པས་ཞལ་འདེབས་འབུལ་མཁན་གྱི་དྲན་གསོ་གླིང་བསྐྲུན་ནས་རྗེས་དྲན་བྱེད་སྒོ་སྤེལ་བར་རྒྱབ་སྐྱོར་བྱེད་དགོས།

    དོན་ཚན་སོ་གསུམ་པ། སློབ་གསོ་སྡེ་ཚན་གྱིས་ངེས་པར་དུ་རྒྱ་གྲམ་དམར་པོའི་གཞོན་ནུ་ལོ་ཆུང་གི་ལས་ཀ་དེ་ནར་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་སློབ་གསོ་དང་སློབ་གྲྭ་ཆེ་མོ་བའི་བསམ་བློ་ཆབ་སྲིད་སློབ་གསོའི་སྤྱི་ཡོངས་ཀྱི་འཆར་འགོད་ནང་འཇུག་པར་སྐུལ་འདེད་གཏོང་དགོས་པ་དང་། རྒྱ་གྲམ་དམར་པོ་ཚོགས་པས་རིམ་པ་དང་རིགས་ཁག་གི་སློབ་གྲྭར་གཞོན་ནུ་ལོ་ཆུང་གི་ཚོགས་མི་དང་དང་བླངས་པ་འཕེལ་རྒྱས་གཏོང་བ་དང་དེ་བཞིན་རྒྱ་གྲམ་དམར་པོའི་གཞོན་ནུ་ལོ་ཆུང་གི་བྱེད་སྒོ་སྤེལ་བར་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་དགོས།

    དོན་ཚན་སོ་བཞི་པ། རང་བྱུང་གནོད་འཚེ་དང་། བྱུར་རྐྱེན་གོད་ཆག སྤྱི་པའི་འཕྲོད་བསྟེན་དོན་རྐྱེན། སྤྱི་ཚོགས་བདེ་འཇགས་དོན་རྐྱེན་སོགས་ཐོལ་བྱུང་དོན་རྐྱེན་ཁྲོད། སྤྱི་བདེ་དང་། འགྲིམ་འགྲུལ་སྐྱེལ་འདྲེན། འཕྲལ་སྡོམ་སོགས་སྡེ་ཚན་གྱིས་ངེས་པར་དུ་མྱུར་སྐྱོབ་དང་རོགས་སྐྱོབ་ཀྱི་ལས་འགན་སྒྲུབ་པར་འགན་སྲུང་བྱེད་དགོས་པ་མ་ཟད། རྒྱ་གྲམ་དམར་པོའི་མཚོན་རྟགས་བཀོད་པའི་མི་སྣ་དང་། དངོས་རྫས། འགྲིམ་འགྲུལ་ཡོ་བྱད་བཅས་སྔོན་ལ་འགྲོ་སྐྱོད་ཐུབ་པ་བྱེད་དགོས།

    རྒྱལ་སྲིད་སྤྱི་ཁྱབ་ཁང་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་ནམ་ཡང་ན་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་ནས་ཉེན་སེལ་རྒུད་སྐྱོབ་ཀྱི་ལས་འགན་སྒྲུབ་བཞིན་པའི་རྒྱ་གྲམ་དམར་པོའི་འཁོར་རིགས་ཡིན་ཚེ། རླངས་འཁོར་ཤར་སྐྱོད་གྲོན་དངུལ་རྩ་ཆག་གཏོང་དགོས།

    སྤྱི་བདེ་དང་། འགྲིམ་འགྲུལ་སྐྱེལ་འདྲེན། ལྕགས་ལམ། དམངས་སྤྱོད་མཁའ་འགྲུལ་སོགས་སྡེ་ཚན་གྱིས་ངེས་པར་དུ་རྒྱ་གྲམ་དམར་པོ་ཚོགས་པས་ཞལ་འདེབས་ཕུལ་བའི་ཕུང་པོ་དང་། མིའི་དབང་པོ། ཁྲག་བཟོའི་ཕྲ་ཕུང་ཨ་མ་བཅས་ཕྱོགས་གཞན་དུ་དབོར་འདྲེན་བྱེད་པར་མྱུར་སྐྱོད་བགྲོད་ལམ་མཁོ་འདོན་བྱས་ནས་སྔོན་ལ་ཤར་བགྲོད་ཐུབ་པ་བྱེད་དགོས།

    དོན་ཚན་སོ་ལྔ་པ། རྒྱ་གྲམ་དམར་པོ་ཚོགས་པས་དང་ལེན་བྱས་པའི་རྒུད་སྐྱོབ་རོགས་སྐྱོར་དང་སྤྱི་ཕན་བྱ་གཞག་ཐད་སྤྱོད་རྒྱུའི་མངའ་ཁོངས་ཕྱི་ནང་གི་ཞལ་འདེབས་དངོས་ཟོག་ཡིན་ཕྱིན། འགག་སྒོ་དང་། དཔྱ་ཁྲལ། འགྲིམ་འགྲུལ་སྐྱེལ་འདྲེན་སོགས་སྡེ་ཚན་གྱིས་ངེས་པར་དུ་རྒྱལ་ཁབ་ཀྱི་གཏན་འབེབས་བཞིན་སྔོན་ལ་འབྲེལ་ཡོད་འགྲོ་ལུགས་གཉེར་དགོས་པ་མ་ཟད། འབྲེལ་ཡོད་ཁྲལ་གྲོན་ཆག་ཡང་དང་རྩ་ཆག་གཏོང་དགོས།

    ཞལ་འདེབས་འབུལ་མཁན་གྱིས་ཁྲིམས་བཞིན་ཁྲལ་བསྡུའི་གཟིགས་སྐྱོང་ལོངས་སུ་སྤྱད་ཆོག

    ལེའུ་ལྔ་པ། བཅའ་ཁྲིམས་ཀྱི་འགན་འཁྲི།

    དོན་ཚན་སོ་དྲུག་པ། རྒྱ་གྲམ་དམར་པོ་ཚོགས་པར་གཤམ་གསལ་གྱི་གནས་ཚུལ་གྲས་ཤིག་ཡོད་ཚེ། རིམ་མཚུངས་མི་དམངས་སྲིད་གཞུང་གི་རྩིས་བཤེར་དང་དམངས་སྲིད་སོགས་སྡེ་ཚན་གྱིས་ཡོ་བསྲང་བྱེད་དུ་འཇུག་དགོས་པ་དང་། ཉེས་ཚབས་ཆེ་ཙམ་ཡོད་ཚེ། ཐད་ཀའི་འགན་འཁྲི་ཡོད་པའི་གཙོ་གཉེར་མི་སྣ་དང་ཐད་ཀའི་འགན་འཁུར་བ་གཞན་དག་ལ་ཁྲིམས་བཞིན་ཆད་པ་གཅོད་དགོས་པ་སྟེ།

    (གཅིག) དང་ལེན་བྱས་པའི་ཞལ་འདེབས་ལ་ཆེད་དམིགས་རྩིས་ཐོ་བཟོས་ནས་དོ་དམ་བྱས་མེད་པའི་རིགས་དང་།

    (གཉིས) ཞལ་འདེབས་འབུལ་མཁན་གྱིས་རང་སོ་སོས་ཞལ་འདེབས་སུ་ཕུལ་བའི་རྒྱུ་ནོར་དོ་དམ་དང་བེད་སྤྱོད་བྱས་ཚུལ་གྱི་འབྲེལ་ཡོད་དཔྱད་ཡིག་རྒྱུ་མཚན་ལུགས་མཐུན་མེད་པར་འདྲི་རྩད་དང་འདྲ་བཤུས་བྱེད་དུ་མ་བཅུག་པའམ་ཡང་ན་དུས་ཚད་ལས་ཡོལ་ཡང་འབྲེལ་ཡོད་དཔྱད་ཡིག་འདོན་སྤྲོད་མ་བྱས་པའམ་ཡང་ན་དཔྱད་ཡིག་རྫུན་མ་འདོན་སྤྲོད་བྱས་པའི་རིགས།

    (གསུམ) ཞལ་འདེབས་མ་དངུལ་ཁྲོད་ནས་དངོས་ཡོད་མ་གནས་ཀྱི་འགྲོ་གྲོན་བཏང་བ་དེ་གཏན་ལ་ཕབ་པའི་དངུལ་གྲངས་སམ་ཡང་ན་བེད་སྤྱོད་བྱེད་ཁོངས་ལས་བརྒལ་བའི་རིགས།

    (བཞི) བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་ལ་ཕབ་པའི་གནས་ཚུལ་གཞན་དག་བཅས་སོ།

    དོན་ཚན་སོ་བདུན་པ། རིམ་ཁག་མི་དམངས་སྲིད་གཞུང་དང་། འབྲེལ་ཡོད་སྡེ་ཚན། ཚན་པ་བཅས་ཀྱིས་རྒྱ་གྲམ་དམར་པོའི་ལས་དོན་ཁྲོད་འགན་དབང་གང་བྱུང་དུ་སྤྱོད་པ་དང་། རང་འགན་སྣང་མེད་དུ་འཇོག་པ། ཉེར་ཕྱོགས་གཡོ་ཟོལ་བཅས་བྱས་ཚེ། ཐད་ཀའི་འགན་འཁྲི་ཡོད་པའི་གཙོ་གཉེར་བ་དང་ཐད་ཀའི་འགན་འཁུར་བ་གཞན་དག་ལ་ཁྲིམས་བཞིན་ཆད་པ་གཅོད་དགོས།

    དོན་ཚན་སོ་བརྒྱད་པ། བྱ་ཐབས་འདིའི་གཏན་འབེབས་ལས་འགལ་ཡང་བྱ་ཐབས་འདིའི་ནང་ཆད་གཅོད་གཏན་འབེབས་བྱས་མེད་པའི་རིགས། བཅའ་ཁྲིམས་དང་ཁྲིམས་སྲོལ་གཞན་དག་ནང་ཆད་གཅོད་གཏན་འབེབས་ཡོད་ཕྱིན་གཏན་འབེབས་དེ་བཞིན་ལག་བསྟར་བྱེད་དགོས།

    ལེའུ་དྲུག་པ། ཞར་བྱུང་།

    དོན་ཚན་སོ་དགུ་པ། བྱ་ཐབས་འདི་2026ལོའི་ཟླ་དང་པོའི་ཚེས་1ནས་བཟུང་ལག་བསྟར་བྱ་རྒྱུ།

    (བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།