ལྗོངས་ཡོངས་ཀྱི་གྲོང་སྡོད་ལས་བྱེད་པའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་ལྷ་སར་སློབ་འགོ་ཚུགས་པ།
ཉེ་ཆར། ལྗོངས་ཡོངས་ཀྱི་གྲོང་སྡོད་ལས་བྱེད་པའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་ལྷ་སར་སློབ་འགོ་ཚུགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གྲོང་སྡོད་རོགས་སྐྱོར་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་། ལྗོངས་ཡོངས་ཀྱི་ལས་བྱེད་པའི་གྲོང་སྡོད་ལས་དོན་ཚོགས་འདུ་དང་ལྗོངས་ཡོངས་ཀྱི་ལས་བྱེད་པའི་གྲོང་སྡོད་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་བྱས་ཏེ། གྲོང་སྡོད་ལས་བྱེད་པ་ཁག་བཅོ་ལྔ་པས་འགན་འཁྲི་དང་ལས་འགན་ཕྲག་ཐོག་ཏུ་ཁུར་ནས་གཞི་རིམ་དུ་གཞི་ཚུགས་པ་དང་རང་འགན་གཙང་སྒྲུབ་བྱེད་པར་སྐུལ་འདེད་བཏང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་ནས་ཆེད་དོན་ཟུར་ཁྲིད་གནང་བ་རེད།
ལའེ་ཅའོ་ཡིས་ནན་བཤད་གནང་དོན། རྒྱུན་རྣམ་ཅན་གྱི་གནད་སྨིན་རོགས་སྐྱོར་གྱི་དུས་བབ་གསར་པ་དང་བླང་བྱ་གསར་པ་ཁོང་དུ་ཡང་དག་ཆུད་པར་བྱས་ནས་རོགས་སྐྱོར་ལྷོད་གཡེང་དུ་མི་གཏོང་བ་དང་རོགས་སྐྱོར་བྱེད་ཤུགས་ཆུང་དུ་མི་གཏོང་བ་མཐའ་འཁྱོངས་བྱས་ཏེ། གཞི་རིམ་དུ་སྲིད་ཇུས་ཀྱི་ཁེ་སྤོགས་ཐོབ་པ་དང་མང་ཚོགས་ལ་ཕན་པ་ཐོབ་པ་བྱེད་དགོས། གྲོང་སྡོད་ཀྱི་གཙོ་གནད་ལས་འགན་དོན་འཁྱོལ་ལ་རྒྱུན་མཐུད་དམ་འཛིན་ཡག་པོ་བྱས་ནས་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཐའ་སྐྱོང་བོད་བརྟན་གྱི་གཞི་རིམ་རྨང་གཞི་བརྟན་དུ་གཏོང་བ། གྲོང་གསེབ་ཕྱོགས་ཡོངས་དར་རྒྱས་ལ་རམ་འདེགས། གཞི་རིམ་གྱི་ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་ཏན་ཏིག་བཅས་བྱེད་དགོས། གྲོང་སྡོད་ལག་ལེན་ཁྲོད་ཀྱི་ཉམས་མྱོང་དང་བྱ་ཐབས་མཐའ་འཁྱོངས་དང་ཁྱབ་གདལ་བཏང་ནས“ཉིན་བརྒྱ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་བརྟག་ཞིབ་ཆེན་པོ་བྱེད་པའི”བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། ཁྲུས་ཁང་ཆུང་ངུ་དང་ཐབ་ཚང་ཆུང་ངུ་སོགས“ཆུང་ལ་ལེགསས་པའི”རྣམ་གྲངས་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་བ། གཞི་རྟེན་གྱི་ནང་དོན་རྒྱ་སྐྱེད་གཏོང་བ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏིང་ཟབ་གཏོང་བ་བཅས་བྱེད་དགོས། གྲོང་སྡོད་ཀྱི་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱ་ཆེའི་གྲོང་སྡོད་ལས་བྱེད་པས་དད་སེམས་བརྟན་པོ་དང་། སྤྱོད་ཚུལ་ནན་པོ། རྣམ་པ་བཟང་པོ་བཅས་ལ་བརྟེན་ནས་དུས་རབས་གསར་པའི་གྲོང་སྡོད་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་རྒྱུར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་གྱི་ལེའུ་གསར་པ་རྩོམ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།
འབྲེལ་ཡོད་གསར་འགྱུར།