ཝང་ཅུན་ཀྲེང་གིས་ལྷ་སར་བརྟག་ཞིབ་གནང་བ།

ཝང་ཅུན་ཀྲེང་བོད་ལྗོངས་དམའ་དབྱིངས་དཔལ་འབྱོར་ཐོན་ལས་གླིང་དུ་ཕེབས་ནས་དམའ་དབྱིངས་དཔལ་འབྱོར་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་མཁྱེན་རྟོཌ་ནན་ཏན་གནང་བཞིན་པ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་དང་། སྟག་རྩེ། མལ་གྲོ་གུང་དཀར། ལྷུན་གྲུབ་སོགས་རྫོང་དང་ཆུས་སུ་ཕེབས་ནས་ཏང་འཛུགས་སྐྱོང་དང་། གཞི་རིམ་བཅོས་སྐྱོང་། མི་རིགས་མཐུན་སྒྲིལ། ཐོན་ལས་འཕེལ་རྒྱས། དམངས་འཚོ་ལེགས་གཏོང་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་རེད། ཁོང་གིས། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། “དོན་ཆེན་བཞི”དོན་འཁྱོལ་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱེད་པ། ལྗོངས་ཡོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གདོང་དམག་ཡག་པོ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
ཁྲེང་ཀོན་ཆུས་ཚལ་སྡེ་ཁུལ་དང་། སྟག་རྩེ་ཆུས་མཐུན་སྒྲིལ་སྡེ་ཁུལ། མལ་གྲོ་གུང་དཀར་རྫོང་སློང་མདའ་གྲོང་ཚོ། ལྷུན་གྲུབ་རྫོང་དཔལ་འབྱོར་གླིང་གྲོང་རྡལ་བཅས་ཀྱིས་ཉེ་བའི་ལོ་ཤས་རིང་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བ། གྲོང་གསེབ་བཅོས་སྐྱོངདང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ། ཐོན་ལས་འཕེལ་རྒྱས་འགྲོ་མགྱོགས་སུ་གཏོང་བ། དམངས་འཚོ་འགན་ལེན་ཡག་པོ་བཅས་བྱས་པས། ལས་དོན་ཁག་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་ཡོད། ཝང་ཅུན་ཀྲེང་གིས་ཕེབས་ཀྱིན་དུ་འགྲེམས་པང་རེ་རེ་བྱས་ནས་གཟིགས་པ་དང་ས་གནས་ས་ཐོག་གི་སྙན་སེང་གསན་པ་བརྒྱུད། འབྲེལ་ཡོད་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་གསུངས་དོན། ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་། སྒྲིག་འཛུགས་ནུས་པ། གོང་བུ་འགྲིལ་ཤུགས་བཅས་ཆེ་རུ་གཏོང་བ་དང་། ཚན་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། གྲུབ་ཆ་ལེགས་སྒྲིག་བྱེད་པ། གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་མང་ཚོགས་ལ་བདེ་སྐྱིད་སྐྲུན་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་ལྷག་བསམ་ཟོལ་མེད་ངང་མང་ཚོགས་ལ་བྱ་བཟང་སྒྲུབ་པ་དང་། བྱ་བ་དངོས་སྒྲུབ་པ། དཀའ་གནད་སེལ་བ་བཅས་བྱེད་དགོས། “ཏང་འཛུགས་སྐྱོང་དང་མཉམ་སྡེབ་དཔལ་འབྱོར”གྱི་འཕེལ་རྒྱས་གཏོང་སྟངས་ཧུར་ཐག་གཏོད་པ་དང་། མཉམ་སྡེབ་ཀྱི་ཐོན་ཁུངས་རྒྱུ་ནོར་སྣ་ཚོགས་གང་འགབ་ཅི་སྤྱོད་ཡག་པོ་བྱེད་པ། མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་སུ་གཏོང་བ་བཅས་བྱས་ནས་མང་ཚོགས་ཀྱི་འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་གཏོང་དགོས། འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་བྱེད་པ་དང་། གཞི་རིམ་གྱི་བཅོས་སྐྱོང་མ་ལག་ལེགས་སུ་གཏོང་བ། འགལ་ཟླ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་གྲལ་བཤེར་དང་སེལ་བ་བཅས་བྱས་ཏེ། གཞི་རིམ་བཅོས་སྐྱོང་གི་ཕན་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། གཞི་རིམ་གྱི་དྲིལ་བསྒྲགས་དང་སྒྲོག་འགྲེལ་ལ་དམ་འཛིན་ཏན་ཏིག་བྱེད་པ་དང་གོ་བདེ་ཤེས་སླའི་སྐད་ཆ་དང་ལྟ་འདོད་ཅིང་ཉན་སྤྲོ་བའི་རྣམ་པར་བརྟེན་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་བཅས་གཞི་རིམ་དང་མང་ཚོགས་ཁྲོད་དྲིལ་བསྒྲགས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི“མོས་སེམས་ལྔ”རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བར་ཁྲིད་སྟོན་བྱེད་དགོས།
ཐོན་ལས་འཕེལ་རྒྱས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་འདེགས་སྐྱོར་ནུས་པ་གལ་ཆེན་ལྡན་ཡོད། ཝང་ཅུན་ཀྲེང་བོད་ལྗོངས་དམའ་དབྱིངས་དཔལ་འབྱོར་ཐོན་ལས་གླིང་དུ་ཕེབས་ནས་དམའ་དབྱིངས་དཔལ་འབྱོར་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་་གནང་བ་རེད། ཁོང་གིས་གསུངས་དོན། དམའ་དབྱིངས་དཔལ་འབྱོར་ལ་ཞབས་ཞུའི་ཁྱབ་ཁོངས་ཆེ་བ་དང་། ཐོན་ལས་འཁོར་འབྲེལ་རིང་བ། ལས་རྣམ་སྣ་མང་སོགས་ཀྱི་ཁྱད་ཆོས་ལྡན་པས། མདུན་ལམ་ཡངས་པའི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཤིག་རེད། འཆར་འགོད་སྔོན་ལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་དམའ་དབྱིངས་དཔལ་འབྱོར་གྱི་རྨང་གཞིའི་སྒྲིག་བཀོད་བཀོད་པའི་དྲ་རྒྱ་རྒྱུན་ཆད་མེད་པར་ལེགས་སུ་བཏང་སྟེ། དམའ་དབྱིངས་དཔལ་འབྱོར་གྱི་ཐོན་ལས་འཕེལ་རྒྱས་དང་འགན་ལེན་གྱི་འདེགས་སྐྱོར་མ་ལག་གཏོད་དགོས། བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་བདེ་འཇགས་ཀྱི་འདུ་ཤེས་དམའ་དབྱིངས་དཔལ་འབྱོར་འཆར་འགོད་དང་། འཛུགས་སྐྲུན། འཁོར་སྐྱོད། དོ་དམ་སོགས་བརྒྱུད་རིམ་ཧྲིལ་པོའི་ལྷུ་ཚིགས་ཁག་གི་ཁྲོད་ཁྱབ་པར་བྱས་ཏེ་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་དགོས།
མལ་གྲོ་གུང་དཀར་རྫོང་ཐང་སྐྱ་ཤང་འཕྲོད་བསྟེན་ཁང་དུ། ཝང་ཅུན་ཀྲེང་གིས་བདེ་ཐང་གི་དྲིལ་བསྒྲགས་སློབ་གསོ་དང་། མ་བུ་བདེ་སྲུང་། སྔོན་འགོག་སྨན་ཁབ་རྒྱག་པ་སོགས་ཀྱི་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་ནན་བཤད་གནང་དོན། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་པོ་བདེ་ཐང་ཨང་དང་པོར་འཇོག་པ་དང་། “དམིགས་པ་ལྔ”ཡི་ལས་ཀའི་བླང་བྱ་དོན་འཁྱོལ་ཡག་པོ་བྱེད་པ། གཞི་རིམ་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། སྤུས་ལེགས་སྨན་བཅོས་ཐོན་ཁུངས་ཀྱི་ཤོང་སྐྱེད་གཤམ་སྒྱུར་དང་དོ་སྙོམས་བཀོད་སྒྲིག་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། མང་ཚོགས་ཀྱི“སྒོ་འགྲམ”སྨན་ཁང་རྒྱུན་མཐུད་སྟོབས་ཆེར་གཏོང་དགོས། བོད་ལུགས་གསོ་རིག་དང་བོད་སྨན་རྒྱུན་འཛིན་དང་། གསར་གཏོད། འཕེལ་རྒྱས་བཅས་བཏང་སྟེ། བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཁྱད་ཆོས་དང་མཐུན་པའི་ཞབས་ཞུའི་མ་ལག་དང་། ཞབས་ཞུའི་རྣམ་པ། ཤེས་ལྡན་པ་གསོ་སྐྱོང་བྱེད་སྟངས་བཅས་འཐུས་སྒོ་ཚང་དུ་བཏང་ནས། བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་དང་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།
ཝང་ཅུན་ཀྲེང་གིས་ད་དུང་མལ་གྲོ་གུང་དཀར་རྫོང་ཨུད་ཏང་གི་སློབ་གྲྭར་ཕེབས་ནས་གསར་བརྗེའི་ལོ་རྒྱུས་ཁྱམས་རིང་བསྐྲུན་པའི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད། ཁོང་གིས་ནན་བཤད་གནང་དོན། གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང“ལམ་གཉིས”སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བར་ཁྲིད་སྟོན་བྱས་ཏེ་གསར་བརྗེའི་སྙིང་སྟོབས་དང་གསར་བརྗེའི་དཔལ་འབར་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས། རིམ་ཁག་ཏང་ཨུད་དང་ཏང་གི་སློབ་གྲྭས“ཏང་གི་སློབ་གྲྭའི་ངོ་བོ་ཏང་ཡིན་པའི”སློབ་འཛུགས་སློབ་གཉེར་གྱི་རྩ་བ་དེ་བློ་ལ་བརྟན་པོར་ངེས་ནས། ཏང་ཆེད་མི་སྐྱོང་དང་ཏང་ཆེད་ཇུས་འབུལ་གྱི་ཐོག་མའི་བསམ་འདུན་བརྟན་སྲུང་བྱེད་པ་དང་། རིགས་པའི་གཞུང་ལུགས་ཀྱི་སློབ་གསོ་དང་། ཏང་གཤིས་སློབ་གསོ། འགན་སྒྲུབ་ནུས་པ་གསོ་སྦྱོང་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པ་གསོ་སྐྱོང་བྱེད་དགོས།
བརྟག་ཞིབ་གནང་རིང་། ཝང་ཅུན་ཀྲེང་གིས་གསུངས་དོན། ད་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཡིན་པས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ཡོད། ལྷ་ས་གྲོང་ཁྱེར་གྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། “དོན་ཆེན་བཞི”དོན་འཁྱོལ་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱེད་པ། དངོས་འཛིན་དངོས་སྒྲུབ་དང་སྔོན་གཏོད་ལེགས་བརྩོན་བཅས་བྱས་ཏེ། ལྗོངས་ཡོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གདོང་དམག་ཡག་པོ་བྱེད་དགོས། ཏང་འཛུགས་སྐྱོང་གིས་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྤུས་ཚད་མཐོ་པོས་ཏང་རྩ་འཛུགས་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པ། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་གང་ལེགས་འདོན་པ་བཅས་བྱས་ནས། ཏང་གི་ཆབ་སྲིད་འགོ་ཁྲིད་བྱེད་ཤུགས་དང་། བསམ་བློའི་སྣེ་ཁྲིད་བྱེད་ཤུགས། མང་ཚོགས་སྒྲིག་འཛུགས་བྱེད་ཤུགས། སྤྱི་ཚོགས་འབོད་སྐུལ་བྱེད་ཤུགས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། གཞི་རིམ་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། “གསུམ་རེ་གསུམ”གྱི་ལས་ཀའི་བྱེད་ཐབས་དོན་འཁྱོལ་ཞིབ་ཚགས་བྱེད་པ། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་སེམས་ནུས་ཡོད་རྒུས་ཐག་གཅོད་བྱེད་པ། འགལ་ཟླ་དང་རྩོད་གཞི་གཞི་རིམ་དུ་སེལ་བ་དང་ཐོན་མ་ཐག་ནས་སེལ་ཐུབ་པ་བཅས་བྱས་ཏེ། གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ་དང་ཐོན་ཁུངས་ཀྱི་ལེགས་ཆ་དང་། ཁུལ་བབ་ཀྱི་ཆ་རྐྱེན། འཕེལ་རྒྱས་ཀྱི་རྨང་གཞི་བཅས་ལ་གཞི་ཚུགས་ཏེ། དོན་དངོས་དང་འཚམ་པའི་ཁྱད་ལྡན་ཐོན་ལས་དང་། གྲོང་གསེབ་ཡུལ་སྐོར། སྤྲོ་གསེང་ཞིང་ལས་སོགས་ཞིང་ལས་དང་། རིག་གནས། ཡུལ་སྐོར་བཅས་མཉམ་འདྲེས་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ཐོག ཁེ་ཕན་སྦྲེལ་མཐུད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཞིང་འབྲོག་པར་ལས་ཞུགས་ཀྱི་གོ་སྐབས་དང་འབབ་འཕར་གྱི་ཐབས་ལམ་དེ་བས་མང་བ་ཡོང་བར་བྱེད་དགོས། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བར་མཐུན་རྐྱེན་སྦྱོར་བ་དང་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་རྒྱུན་མཐུད་བཅོས་སྒྲིག་བྱས་ཏེ། ལས་བྱེད་པའི་དུས་ཚོད་དང་སེམས་ནུས་དེ་བས་མང་བ་གཞི་རིམ་དང་མང་ཚོགས་ཁྲོད་ལས་སྒྲུབ་འགན་ཁུར་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པར་སྤྱོད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་ཁག་ཏང་རྩ་འཛུགས་ཀྱིས་དོ་དམ་ནན་པོ་དང་གཅེས་སྐྱོང་ཟབ་མོ་ཟུང་འབྲེལ་དང་། ལྕག་སྐུལ་དང་གཅུན་འདོམས་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་ཀྱིས་གཞི་རིམ་གྱི་འཐབ་ས་དང་པོར་ལས་བྱེད་པ་འདེམས་པ་དང་། གསོ་སྐྱོང་། བཀོལ་སྤྱོད་བཅས་བྱེད་མཁས་པོ་བྱས་ཏེ། ཕུལ་བྱུང་ཤེས་ལྡན་པ་འབུར་དུ་ཐོན་པའི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་དངོས་སྒྲུབ་ལ་གོང་བཀུར་དང་འགན་སྒྲུབ་ལ་ལྕག་སྐུལ་གྱི་རྣམ་པ་བཟང་པོ་ཧུར་ཐག་གཏོད་དགོས། རིམ་ཁག་ལས་བྱེད་པས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་བ་དང་། མང་ཚོགས་ཀྱི་ལངས་ཕྱོགས་ནས་གནད་དོན་ལ་བསམ་བློ་གཏོང་བ། བརྩེ་བ་ཟབ་མོས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་བྱ་བ་ཡག་པོ་སྒྲུབ་པ། སྤྱོད་ཚུལ་རྒྱུན་མཐུད་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། ལས་ཞུགས་དང་། སློབ་གསོ། སྨན་བཅོས། རྒན་གསོ་སོགས་ཀྱི་དམངས་འཚོའི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་བཅས་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
འབྲེལ་ཡོད་གསར་འགྱུར།