དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཀརྨ་ཚེ་བརྟན།
  • ལྗོངས་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་གི་སྤུས་འབྲས་ལེགས་གཉེར་གྱི་ས་གནས་ས་ཐོག་གི་ཚོགས་འདུ་ལྷ་སར་འཚོགས་པ།

    ཀརྨ་ཚེ་བརྟན་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-11

    ཚེས་9ཉིན། ལྗོངས་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་གི་སྤུས་འབྲས་ལེགས་གཉེར་གྱི་ས་གནས་ས་ཐོག་གི་ཚོགས་འདུ་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་དུ་འཚོགས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་ཞིང་། ཁོང་གིས། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་འཕྲོད་བསྟེན་དང་བདེ་ཐང་ལས་དོན་གྱི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་གཞིར་བཟུང་ནས་འཕྲོད་བསྟེན་བདེ་ཐང་གི་བྱ་གཞག་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། (པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) མི་དམངས་ཀྱི་བདེ་ཐང་ཕྱོགས་ཡོངས་དང་དུས་འཁོར་ཧྲིལ་པོར་འགན་སྲུང་བྱེད་པ་བཅས་བྱས་ཏེ་བདེ་ཐང་བོད་ལྗོངས་འཛུགས་སྐྲུན་གྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་དགོས་པའི་ནན་བཤད་གནང་བ་རེད།

    ལུའོ་མེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ།

    ཀརྨ་ཚེ་བརྟན་གྱིས་གསུངས་དོན། མི་དམངས་ཀྱི་བདེ་ཐང་ནི་སྤྱི་ཚོགས་ཤེས་དཔལ་ཡར་ཐོན་གྱི་སྔོན་འགྲོའི་རྨང་གཞི་དང་། དམངས་སེམས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བའི་མཐུན་སྒྲིལ་གྱི་རྨང་རྡོ། དུས་རབས་གསར་པའི་བདེ་སྐྱིད་འཚོ་བའི་མངོན་གསལ་དོད་པའི་གཞི་གདན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་མཚོན་རྟགས་གལ་ཆེན་བཅས་ཡིན་པ་ངོས་འཛིན་གཏིང་ཟབ་བྱས་ཏེ། ཐོག་མཐའ་བར་གསུམ་དུ“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་བ་དང་། མང་ཚོགས་ཀྱི་བདེ་ཐང་དང་འབྲེལ་བའི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་དང་བདེ་ཐང་དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་པར་དམིགས་ཏེ། བདེ་ཐང་བོད་ལྗོངས་འཛུགས་སྐྲུན་གྱི་གྲུབ་འབྲས་དེ་བས་མང་བ་དང་དེ་བས་དྲང་གཞག་གིས་མི་དམངས་ཡོངས་ལ་ཕན་པ་ཐོབ་པར་བྱེད་དགོས། བདེ་ཐང་སྔོན་ལ་འཇོག་པའི་འཕེལ་རྒྱས་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་ཏེ། དངོས་པོའི་ཐོག་མ་འཇོག་དང་མི་སྐྱོང་གི་མ་འཇོག་ཟུང་འབྲེལ་དམ་ཟབ་བྱེད་པར་སྐུལ་འདེད་གཏོང་བ་དང་། སྲིད་ཇུས་ཀྱིས་སྒྱུར་བཅོས་ལ་མཐུན་རྐྱེན་སྦྱོར་བར་སྐུལ་ཁྲིད་བྱེད་པ་མཐའ་འཁྱོངས་བྱས་ནས“སྨན་བཅོས་དང་། སྨན་བཅོས་འགན་བཅོལ། སྨན་རྫས”བཅས་མཉམ་འགུལ་གྱི་རྣམ་པ་གསར་པ་གཏོད་དགོས། མཐོ་ས་འཛུགས་གཏོད་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱེད་པ་མཐའ་འཁྱོངས་བྱས་ཏེ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། རྨང་རྩ་གཉིས་བརྟན་གྱི་ཞབས་ཞུ་དོ་སྙོམས་ཡོང་བ་མཐའ་འཁྱོངས་བྱས་ཏེ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་དགོས། དམངས་འཚོ་གཙོར་འཛིན་དང་གཟུགས་གཞི་ཐང་དུ་གཏོང་བ་མཐའ་འཁྱོངས་བྱས་ཏེ“དམིགས་ས་ལྔའི”གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་དགོས། རྒྱུད་འཛིན་གསར་གཏོད་ཀྱི་ཕྱོགས་སྒྱུར་རིམ་སྤོར་མཐའ་འཁྱོངས་བྱས་ཏེ་བོད་ལུགས་གསོ་རིག་གི་ཁྱད་ལྡན་ལེགས་ཆ་འདོན་དགོས། ཤེས་ལྡན་པའི་འདེགས་སྐྱོར་ལ་བརྟེན་ནས་རྨང་རྡོ་བརྟན་དུ་གཏོང་བ་མཐའ་འཁྱོངས་བྱས་ཏེ་གཞིས་ཚུགས་ཤིང་ལེགས་སྐྱེས་འབུལ་མཁན་གྱི་སྟོབས་གསར་དམག་དཔུང་གཏོད་པ་དང་། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕྲོད་བསྟེན་བདེ་ཐང་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བརྟན་པོ་དང་ཏན་ཏིག་ངང་ཡག་པོ་བསྐྱོད་དེ་མི་རིགས་ཁག་གི་མང་ཚོགས་ལ་འདྲ་མཉམ་ཡོངས་ཁྱབ་དང་། མ་ལག་རྒྱུན་མཐུད། སྤུས་ལེགས་ནུས་ཆེ་བཅས་ཀྱི་བདེ་ཐང་གི་ཞབས་འདེགས་ཧུར་ཐག་ཞུ་དགོས།

    ཀརྨ་ཚེ་བརྟན་གྱིས་འཕྲོད་བསྟེན་བདེ་ཐང་ལས་དོན་དེ་སྤྱི་ཡོངས་དང་འབྲེལ་བ་ཡོད་ལ་ཁྱབ་རྒྱ་ཆེ་བ་དང་འབྲེལ་བའི་རང་བཞིན་ཆེ་བ་ཞིག་ཡིན་པས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། འགན་འཁྲིའི་འཁོར་འབྲེལ་ནན་དུ་གཏོང་བ། “ལོ་ལྔ་ཚན་བཅོ་ལྔ་པའི”འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་ནན་པོ་བཅས་བྱས་ཏེ། གོང་འོག་བློ་སེམས་གཅིག་སྒྲིལ་དང་། གཡས་གཡོན་གྱིས་མཐུན་སྦྱོར། འགོ་ཁྲིད་མ་ལག་དང་ལས་རིགས་ཟུང་འབྲེལ་བཅས་ཀྱིས“འཕྲོད་བསྟེན་ཆེ་མོ་དང་བདེ་ཐང་ཆེ་མོའི”རྣམ་པ་མགྱོགས་མྱུར་གཏོད་དགོས་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་རུལ་སུངས་ལ་སྔོན་འགོག་དང་ཚོད་འཛིན་གྱི་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་པ། འཁོར་འབྲེལ་ཧྲིལ་པོའི་ལྟ་འདོམས་ལ་རྒྱུན་མཐུད་ཤུགས་སྣོན་རྒྱག་པ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་བྱེད་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཀརྨ་ཚེ་བརྟན་དང་ཚོགས་ཞུགས་འཐུས་མིས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་། རང་སྐྱོང་ལྗོངས་སྨན་རྩིས་ཁང་། མལ་གྲོ་གུང་དཀར་རྫོང་མི་དམངས་སྨན་ཁང་བཅས་དང་དེ་བཞིན་འབྲེལ་ཡོད་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་དཔེ་མཚོན་ལྡན་པའི་ལས་དོན་སྒྲུབ་སྟངས་ལ་ས་གནས་ས་ཐོག་ཏུ་ལྟ་སྦྱོང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།