བསོད་ནམས་ཉི་མས་ལྷོ་ཁར་བརྟག་ཞིབ་གནང་བ།
ཟླ་6ཚེས་1ནས་ཚེས་3ཉིན་བར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བསོད་ནམས་ཉི་མས་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་དང་། གྲ་ནང་རྫོང་། རྒྱ་ཚ་རྫོང་། སྣེ་གདོང་ཆུས་བཅས་སུ་བརྟག་ཞིབ་གནང་སྟེ། དགོན་སྡེར་ཁྲིམས་བཞིན་དོ་དམ་དང་། དགོན་སྡེའི་མེ་ཟོན་བདེ་འཇགས། དགོན་སྡེ་དོ་དམ་ཨུ་ལྷན་འཛུགས་སྐྱོང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་སོགས་ཀྱི་ལས་དོན་ལ་ས་ཡུལ་དངོས་སུ་ལྟ་སྐུལ་མཛུབ་ཁྲིད་གནང་བ་རེད།
བསོད་ནམས་ཉི་མས་གོང་དཀར་ཆོས་སྡེ་དང་། རྡོ་རྗེ་བྲག་དགོན། བསམ་ཡས་དགོན། སྨིན་གྲོལ་གླིང་དགོན། ཆོས་འཁོར་རྒྱལ་དགོན། དྭགས་ལྷ་སྒམ་པོ་དགོན། ཡུམ་བུ་བླ་སྒང་། གཡའ་བཟང་དགོན། ཁྲ་འབྲུག་དགོན་སོགས་སུ་ཕེབས་ཏེ་ས་ཡུལ་དངོས་ནས་ལས་ཀའི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་སྦྲགས་དགོན་སྡེའི་གྲྭ་བཙུན་དང་། གཞི་རིམ་ལས་བྱེད་པ། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་བཅས་དང་སྤེལ་རེས་གཏིང་ཟབ་གནང་བ་རེད། ཁོང་གིས་བསམ་བློ་དང་ཆབ་སྲིད་ཀྱི་ཁྲིད་སྟོན་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་བརྒྱུད་ནང་བསྟན་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣར་ཐུགས་ཁུར་དང་བྱམས་སྐྱོང་གནང་བ་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་། ཆོས་ལུགས་ལས་རིགས་ཀྱི“འདུ་ཤེས་གསུམ”གྱི་སློབ་གསོ་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་བ། དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་ཁག་དོན་འཁྱོལ་ཡག་པོ་བྱེད་པ། དགོན་སྡེའི་གྲྭ་བཙུན་གྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བཅས་བྱས་ཏེ། ཆོས་ལུགས་ལས་རིགས་མི་སྣ་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཡོང་བར་བྱེད་དགོས་ཞེས་གསུངས་པ་རེད།
བསོད་ནམས་ཉི་མས་ཏང་གི་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་མཛད་ཕྱོགས་སྲིད་ཇུས་མཐའ་འཁྱོངས་བྱས་ཏེ། 《བོད་རང་སྐྱོང་ལྗོངས་ཀྱི་ཆོས་ལུགས་ལས་དོན་སྲོལ་ཡིག》ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ཁྲིམས་མཐུན་སྲུང་སྐྱོང་དང་། ཁྲིམས་འགལ་བཀག་འགོག ཐལ་སྐྱོད་བཀག་འགོག སིམ་འཛུལ་བཀག་འགོག ཉེས་གསོག་ལ་རྡུང་རྡེག་གཏོང་བ་བཅས་བྱས་ཏེ་ཆོས་ལུགས་ལས་དོན་བཅོས་སྐྱོང་གི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། བོད་བརྒྱུད་ནང་བསྟན་དགོན་སྡེར་ཁྲིམས་ལྟར་དོ་དམ་བྱེད་པ་དང་། དགོན་སྡེའི་དོ་དམ་འགན་འཁྲི་ནན་དུ་གཏོང་བ། དགོན་སྡེའི་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དགོན་སྡེའི་མེ་ཟོན་བདེ་འཇགས་ལས་དོན་ལ་ཤུགས་སྣོན་རྒྱག་པ། དད་ལྡན་མང་ཚོགས་ལ་སློབ་གསོ་ཁྲིད་སྟོན་དང་ཞབས་ཞུ་འགན་ལེན་ཡག་པོ་བྱེད་པ། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པར་ཐུགས་ཁུར་དང་བྱམས་སྐྱོང་བཅས་བྱས་ནས་དགོན་སྡེའི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས་པའི་ནན་བཤད་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།